སློབ་གླིང་ལྗང་སྒྱུར་ཚན་ཆུང་།

       ༡༩༩༤ལོར་སློབ་གླིང་འདི་དབུ་བརྙེས་པ་ནས་བཟུང་བྱེད་པོ་དམ་པ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གཙོ་བྱས་པའི་དགེ་སློབ་ཡོངས་དང་།    སློབ་གྲྭའི་སྤྱི་གཉེར་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་གི་ཕྱོགས་ལ་ཧུར་བརྩོན་གནང་སྟེ་༢༠༡༡ལོའི་བར་དུ་འགན་ཁུར་ནས་ཡོང་།  ༡༠༡༢ལོ་ནས་བཟུང་སྟེ་རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་ལ་སྔར་ལས་ལྷག་པའི་ཁོར་ཡུག་ལྗང་མདོག་གི་འདུ་ཤེས་གསོ་སྐྱོང་དང་སློབ་གྲྭའི་ཁོར་ཡུག་ལྗང་མདོག་ཅན་དུ་འགྱུར་བར་ལྗང་མདོག་གི་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ནི་འུ་ཅག་ཚང་མའི་དམིགས་ཡུལ་ཡིན་པ་དང་།     ད་ལྟའི་སྤྱི་ཚོགས་འདིར་དངོས་པོའི་དཔལ་ཡོན་འཕེལ་རྒྱས་བྱུང་བ་དང་མཉམ་དུ་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་དེ་མཚུངས་ཀྱི་འཇིག་ཉེན་སྣ་ཚོགས་ཤིག་གཅིག་རྗེས་གཉིས་མཐུད་དུ་ཡོང་བཞིན་ཡོད་པ།      ཉིན་རེ་བཞིན་ནགས་ཚལ་སོགས་སྐྱེ་དངོས་རིགས་བཅོམ་བརླག་བྱས་པ་སོགས་ཀྱི་དབང་གིས་སྐྱེ་ཁམས་དོ་མི་མཉམ་པར་སའི་བཅུད་ཉམས་ཤིང་།         ཆུའི་དྭངས་གཙང་གི་རང་བཞིན་ཡོངས་སུ་སྦགས་པ།  སྤང་ཐང་མང་བོ་བྱེ་ཐང་དུ་གྱུར་བ་སོགས་ཁོར་ཡུག་གི་ལྗང་མདོག་ཉམས་ཤིང་གཅན་གཟན་རི་དྭགས་ཀྱི་རིགས་ཇེ་ཉུང་དུ་གྱུར་དང་འགྱུར་བཞིན་པ་སོགས་རང་བྱུང་གི་གནོད་འཚེ་ལ་མིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བཟོས་པའི་ཆག་སྒོ་རབས་དང་རིམ་པར་བྱུང་དང་འབྱུང་བཞིན་ཡོད་པ་ལ་དམིགས་ཏེ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་བཀོད་འོག་སློབ་གླིང་ལྗང་སྒྱུར་ཚན་ཆུང་དངོས་སུ་བཙུགས།     ཐོག་མའི་ཚོགས་མི་དག་གིས་ང་ཚོས་བློ་མཐུན་ལེ་ཧྥིན་ལ་སློབ་སྦྱོང་བྱས་ཏེ་ལྗང་མདོག་གི་སློབ་གླིང་འཛུགས་སྐྲུན་བྱེད་ཅེས་པའི་བྱ་འགུལ་སོགས་སྤེལ། དེ་ནས་བཟུང་རྭ་རྒྱ་དགོན་འདབས་དང་རྒྱུད་མགོ་གྲོང་བརྡལ།  རྨ་ཆུའི་འགྲམ་རྒྱུད་སོགས་ལ་གཙང་དག་བྱས་པ་དང་།  སློབ་གླིང་རང་གི་གད་སྙིགས་ཕྱིར་འཚོང་བྱེད་ཆོག་པའི་རིགས་དང་མི་ཆོག་པའི་རིགས་སོ་སོར་བགར། དེ་མིན་གློག་རྫས་དང་གློག་ཆའི་རིགས་ཁོར་ཡུག་ལ་གནོད་སྐྱོན་ཧ་ཅང་ཆེ་བ་སོགས་བསྡུ་གཉེར་བྱས།    སྔ་རྗེས་སུ་མགོ་ལོག་ཁུལ་ལྗང་མདོག་གི་སློབ་གྲྭ་(果洛州绿色学校)ཞེས་པའི་གཟི་བརྗིད་མཚན་སྙན་བྱ་དགའ་དང་ཞིང་ཆེན་རིམ་པའི་ལྗང་མདོག་གི་སློབ་གྲྭ་(青海省绿色学校)ཞེས་པའི་གཟི་བརྗིད་མཚན་སྙན་བྱ་དགའ་སོགས་ཐོབ།
       ༢༠༡༣ལོར་ཚན་གཙོ་མཁའ་ཁྱབ་དང་ཚོགས་མི་དཀོན་མཆོག  ཤེས་རབ་ཀུན་གསལ། སྐལ་བཟང་ངག་དབང་བཅས་མཐར་ཕྱིན་པས་ཚོགས་མི་གསར་བ་ཐུབ་བསྟན་བཤད་སྒྲུབ་དང་རྟ་མགྲིན་ཐར།    ཐོས་བསམ་རྒྱ་མཚོ།   ཀརྨ་བཅས་གསར་དུ་ཞུགས།
       ཚན་གཙོ་མཁའ་ཁྱབ་དང་ཚོགས་མི་དཀོན་མཆོག་སོགས་སློབ་མཐར་མ་ཕྱིན་པའི་གོང་དུ་སེམས་ཀྱི་ཉི་ཟླའི་«འབྲི་ཆུའི་སློབ་གྲྭ»ཞེས་པའི་ཁོར་ཡུག་སྲུང་སྐྱོབ་མཚོན་པའི་སྣུམ་མཚོན་རི་མོའི་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།ཚོགས་གཙོ་མཁའ་ཁྱབ་སོགས་མཐར་ཕྱིན་རྗེས་ཚན་གཙོ་དཔལ་ལྡན་གྱི་སྣེ་ཁྲིད་འོག་སྔ་རྗེས་སུ་སྤང་ཐང་དང་ཆུ་ཀླུང་སོགས་གཙང་དག་བྱེད་པའི་བྱ་འགུལ་བསྟུད་མར་སྤེལ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་《ལྗང་མདོག་གི་འཇིག་རྟེན་》ཞེས་པའི་བྱ་འགུལ་ཞིག་སྤེལ།
         ༢༠༡༣ལོའི་ལོ་མཇུག་ཏུ་སེམས་ཀྱི་ཉི་ཟླའི་གྲོང་རྡལ་རྒྱུན་འཁྱོངས་ཚོགས་པས་སྤེལ་བའི་《འབྲི་ཆུའི་སློབ་གྲྭ》ཞེས་པའི་བྱ་འགུལ་ཁྲོད་སྔོན་ཐོན་རྩ་འཛུགས་ཀྱི་གཟེངས་རྟགས་ཐོབ།
         ༢༠༡༤ལོར་གླིང་སྟོད་སྨད་གཉིས་སུ་སྡོང་བོ་གསར་འཛུགས་བྱས་པས་ཉིན་རེ་བཞིན་སྡོང་བོ་ལ་ཆུ་འདྲེན་པ་དང་སློབ་གྲྭའི་ར་སྐོར་ཕྱི་ནང་གི་སྤང་ཐང་དག་ཏུ་དར་འཐེན་ནས་མི་ཕྱུགས་སོགས་འགྲོ་མི་ཆོག་པར་བྱས་ཏེ་ཁོར་ཡུག་སྐྱེ་ཁམས་ལ་བདག་སྐྱོང་ནན་མོ་བྱས་པར་མ་ཟད།    སྤང་ཐང་དང་ཆུ་ནང་དུ་འདག་རྫས་དང་འདག་ཆུ་སོགས་རྫས་འགྱུར་གྱི་རིགས་འདོར་མི་ཆོག་པར་བྱས།   ད་དུང་ངེད་ལྗང་སྒྱུར་ཚན་ཆུང་གིས་ལོ་མང་བོའི་རིང་ཁོར་ཡུག་སྲུང་སྐྱོབ་ཕྱོགས་སུ་ཉམས་ཞིབ་དང་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས་པར་བརྟེན་གད་སྙིགས་རིགས་སྲེག་སྦྱོར་བྱས་པའི་གནོད་པ་ཤེས་ཏེ་གད་སྙིགས་ཀྱི་རིགས་གང་ཡིན་ཡང་སྲེག་སྦྱོར་བྱེད་མི་ཆོག་པའི་འབོད་བརྡ་ཐོག་མར་བསྒྲགས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁོར་ཡུག་ལྗང་སྒྱུར་ཚན་ཆུང་གིས།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (16383)