སློབ་གླིང་བདེ་སྲུང་ཚན་ཆུང་།

བདེ་སྲུང་ཁང་ངོ་སྤྲོད།

         བདེ་སྲུང་ཁང་གི་ལས་འགན་ནི་སློབ་གྲྭའི་ཕྱི་ནང་ཡོངས་ཀྱི་བདེ་འཇགས་དང་སློབ་མ་རྣམས་ཀྱིས་སློབ་གྲྭའི་སྒྲིག་ལམ་ཚུལ་བཞིན་དུ་བརྩི་མིན་ལ་བརྟག་དཔྱོད་སོགས་བྱེད་བཞིན་ཡོད་དེ།   སློབ་མ་རྣམས་ཀྱིས་སློབ་གླིང་འདིའི་དགེ་རྒན་དང་སློབ་གྲོགས་ཕན་ཚུན་བར་ལ་དུས་ནམ་ཡང་མཐུན་སྒྲིལ་དང་ལྷག་བསམ་དཀར་བོའི་སྒོ་ནས་ཀུན་ཕན་གྱི་བྱ་བཟང་སྒྲུབ་པ་གཙིགས་སུ་འཛིན་དགོས་བའི་སྐུལ་འདེད་དང་།  ས་ཆ་གང་དུ་སོང་ཡང་ཆ་ལུགས་དང་ཀུན་སྤྱོད་ཀྱི་རྣམ་པ་ཇེ་བཟང་དང་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད།  རྒན་བཀུར་ཆུང་སྐྱོང་དང་མི་སུ་ཡིན་རུང་བྱམས་པའི་སྲོལ་བཟང་རྒྱུན་སྐྱོང་བྱེད་དགོས་པའི་སློབ་སྟོན་བྱེད་པ།  སློབ་མའི་ནང་མངོན་སུམ་འཛེམས་མེད་ཀྱིས་དུ་ཆང་ལ་ལོངས་སྤྱོད་མཁན་དང་།  སློབ་ཁྲིད་སོགས་ལ་དུས་ལྟར་མ་ཡོང་བར་གློག་གཟུགས་ལ་ལྟ་བ་དང་།   སྟེགས་ཐོག་སྤོ་ལོ་རྩེ་བ།  སློབ་གྲོགས་ཕན་ཚུན་བར་ལ་དཀྲུགས་ཤིང་འཁོན་འཛིང་བྱེད་པ།   མཚན་མོ་དུས་ལྟར་ཉལ་ཁང་དུ་བསྡད་མེད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་དཔྱོད་དང་འགྲིག་འགལ་བྱུང་བ་རྣམས་ལ་ལུས་སེམས་བསྒྱུར་བཅོས་ཀྱི་སློབ་གསོ་དང་ཆད་པ་གཅོད་པ།  གཟའ་ཉི་མ་དང་སྤེན་པ་མ་གཏོགས་དུས་མིན་དུ་ཚོང་ཁྲོམ་དུ་འགྲོ་མི་ཆོག་ཅིང་།   གལ་ཏེ་དགོས་དབང་གིས་འགྲོ་དགོས་བྱུང་ན་འབྲེལ་ཡོད་མི་སྣར་ཡི་གེ་འབྲི་རུ་བཅུག་སྟེ་ཐག་བཅད་དུས་ཚོད་ལྟར་ཕྱིར་སླེབས་མིན་ལ་རྟོག་དཔྱོད་བྱེད་པ།  རང་སྦྱོང་སྐབས་རང་འདོད་ཀྱིས་སྒོར་འགྲོ་བ་དང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་སོགས་ལ་ལྟ་རྟོགས་བྱེད་པ་དང་ཚུལ་མིན་རྣམས་ལ་འོས་འཚམ་གྱི་ཆད་པ་གཅོད་པ། སློབ་མའི་རྒྱུ་རྫས་གང་ཡིན་ལ་དོ་དམ་དང་བོར་རྐུ་བྱུང་བའི་གནས་ཚུལ་ལ་རྩད་ཞིབ་བྱེད་པ།  སློབ་གྲྭའི་འབྲེལ་ཡོད་ཀྱི་འགོ་ཁྲིད་ཀྱིས་ཆོག་མཆན་མ་ཐོབ་པར་རང་འགུལ་གྱིས་ཚོགས་པ་འཛུགས་པ་དང་ཆབ་སྲིད་དང་འགལ་བའི་གཏམ་གླེང་བྱེད་མཁན་སོགས་ཡོད་ན་དུས་ལྟར་ཆད་པ་ནན་མོ་གཅོད་པ་དང་སློབ་གྲྭ་ནས་ཕྱིར་དབྱུང་བྱེད་པ་སོགས་ཀྱི་འོས་འགན་ལེན་པ།  སློབ་ཁྲིད་སྐབས་རྗེས་ལུས་ཐེབས་པ།  ཞོགས་པའི་ཀློག་འདོན་སྐབས་འཛིན་གྲྭ་སོ་སོའི་བདག་ཐོབ་ས་མཚམས་ལས་བརྒལ་བ་དང་སློབ་གྲྭའིརྭ་སྐོར་གྱི་ཕྱི་རོལ་ཏུ་འགྲོ་བ།  ཉལ་ཁང་ནས་རང་དགར་བསྡད་ཡོད་མིན་སོགས་ལ་ལྟ་རྟོག་བྱེད་པ།  སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་སོ་སོའི་གཙང་སྦྲ་བཟང་མིན་ལ་ལྟ་བ་སོགས་བདེ་སྲུང་ཁང་གིས་སྐབས་བབས་འོས་འགན་དག་ལ་ལྷག་བསམ་རྣམ་དག་གིས་དོ་སྣང་ཤུགས་ཆེན་བྱ་དགོས་སོ།།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (5204)