ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།

 རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།

       རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་དང་མཚོལྷོ་ཁུལ་འབའ་རྫོང་གཉིས་ཀྱི་ས་མཚམས་ཀྱི་རྨ་ཁུགས་གཉིས་པར་འབོད་པའི་རྭ་རྒྱ་གྲོང་རྡལ་དུ་ཡོད་ལ།    དེ་ནི་མགོ་ལོག་ཁུལ་གངས་ལྗོངས་འབྲོག་ལས་ཚོགས་པས་རྩ་འཛུགས་དང་མཐུན་སྦྱོར་འོག་བཙུགས་པའི་ཞིང་ལས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ཐོག་དང་བོ་དེ་ཡིན། མཉམ་སྒྲུབ་ཚོང་སྡེ་དེ་༢༠༠༩ལོའི་ཟླ་༡༢བའི་ཚེས་༡ཉིན་དབུ་བརྙེས། མཉམ་སྒྲུབ་ཚོང་སྡེས་རང་མོས་དང་གཉིས་ཕན།  དམངས་གཙོ་འདྲ་མཉམ་གྱི་རྩ་དོན་བརྩི་སྲུང་བྱས་ཏེ་ད་ལྟ་

ཁོངས་མི་ཁྱིམ་ཚང་༣༠༢ལྷག་འཕེལ་རྒྱས་བྱུང་ཡོད་པ་དང་། མ་རྩ་སྒོར་ཁྲི་༢༥༦.༣༢ཡོད། ལས་ཁུངས་ཏུ་ལས་ འཛིན་ལྷན་ཚོགས་ལ་མི་༩དང་། ལྟ་ཞིབ་ལྷན་ཚོགས་ལ་མི་༣་བསྐོ་བཞག་བྱས་ཡོད།གཞུང་སྒྲུབ་མི་སྣ་ལ་སྤྱི་གཉེར་ བ་༡དང་། སྡེ་ཚན་གཉེར་བ་༢།རྩིས་གཉེར་བ་༡། དྲུང་ཡིག་༡། མངའ་ཁོངས་གཉེར་བ་འགའ་བཅས་ཡོད། ཁོངས་མི་ལ་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་དང་རྟ་བོ་གྲོང་རྡལ། སྡོམ་ཁོག་ཡུལ་ཚོ།རྟ་བོ་ཞོལ་མ་ཡུལ་ཚོ། རྨ་སྟོད་རྫོང་གི་མཚོ་ནག་ཡུལ་ཚོ་དང་དགའ་བདེ་རྫོང་གི་རྐྱང་ཆེན་ཡུལ་ཚོ། མང་རྫོང་གི་མང་ཆུ་གྲོང་རྡལ། རྨ་ལྷོ་ཁུལ་གྱི་ རེབ་གོང་རྫོང་། མདོ་ལྷོ་ཁུལ་གྱི་བསང་ཆུ་རྫོང་། འབའ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་དང་རྨ་བྱང་ཡུལ་ཚོ། ཞོལ་མ་ཡུལ་ཚོ་སོགས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་བཅུ་ཕྲག་འགའ་ཡོད། གནས་འདི་ཁོར་ཡུག་མཛེས་ལ་ས་བབ་བཟང་ཞིང་། འགྲིམ་འགྲུལ་སྟབས་བདེ། མཉམ་སྒྲུབ་ཚོང་སྡེས་དམངས་སྒྲུབ་དང་དམངས་ཀྱིས་དོ་དམ། དམངས་ལ་ཕན་པའི་རྩ་དོན་གཞིར་བཟུང་ཁོངས་མི་ལ་ཕྱུགས་ལས་ཐོན་སྐྱེད་ལས་གཉེར་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ། བརྡ་འཕྲིན་བློ་འདྲི་དང་ཞབས་ཞུའི་བྱ་བ་མཁོ་སྤྲོད་བྱེད་བཞིན་ཡོད། ཁྲིམས་ལྟར་ཁོངས་མིའི་ཁྱིམ་ཚང་གཅིག་བསྡུས་ཀྱིས་ཀོ་རིགས་འཚོང་བ་དང་ལས་སྣོན།   སྐྱེལ་འདྲེན།   གསོག་འཇོག་སོགས་ཚོང་རའི་ལས་གཉེར་གཉེར་བཞིན་ཡོད། དེར་མ་ཟད་ལག་རྩལ་གསར་བ་དང་འདུ་ཤེས་གསར་བ་ནང་འདྲེན་བྱེད་བཞིན་ཡོད། དུས་ཚོད་གཏན་ཁེལ་གྱིས་ཁོངས་མི་ལ་ཕྱུགས་ལས།    ཀོ་བ་དང་འབྲེལ་བ་ཡོད་པའི་རིན་མེད་ཀྱི་གསོ་སྦྱོང་འཛིན་གྲྭ་སྒྲུབ་བཞིན་ཡོད།  མཉམ་སྒྲུབ་ཚོང་སྡེས་ད་དུང་རྭ་རྒྱ་གྲོང་རྡལ་ནས་མ་དངུལ་བཏང་སྟེ་སྣ་འཛོམས་ཚོང་ཁང་ཞིག་དང་འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་ནས་སྒོ་བསྟེན་ཁང་ཞིག་བཙུགས་ཡོད། དེས་མཉམ་སྒྲུབ་ཚོང་སྡེའི་དཔལ་འབྱོར་ཡོང་སྒོར་ཁ་སྣོན་བྱེད་བཞིན་ཡོད་པར་མ་ཟད།    མཐའ་འཁོབ་ས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་སྟབས་བདེ་བཟོས་ཡོད། བརྡ་འཕྲིན་རྗེས་ལུས་དང་རྩ་འཛུགས་རང་བཞིན་གྱི་ཚད་གཞི་དམའ་བ་ནི་མིག་སྔར་གྱི་འབྲོག་པ་མང་ཚོགས་ཀྱི་གནས་ཚུལ་ཡིན་པས།   དེས་ས་གནས་ཀྱི་ཕྱུགས་ལས་ཀྱི་འཕེལ་རྒྱས་དང་འབྲོག་མིའི་ཡོང་སྒོ་འཕར་སྣོན་ལ་བཀག་རྒྱ་ཚབས་ཆེན་ཐེབས་བཞིན་ཡོད། སྣང་ཚུལ་དེ་གཉིས་ནི་མིག་སྔར་གྱི་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་བཀག་རྒྱར་གྱུར་ཡོད།       རྨ་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་རྫོང་ཆེན་ཞིག་ཡིན་པ་དང་ཕྱུགས་ལས་ཀྱི་ཡོང་སྒོ་ནི་རྒྱ་ཆེར་ འབྲོག་པ་མང་ཚོགས་ཀྱི་སྲོག་ཤིང་ཐོན་ལས་སུ་གྱུར་ཡོད། འབྲོག་ཁུལ་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་དང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་བྱེད་དགོས་ན་ཐོག་མར་འབྲོག་ཁུལ་གྱི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་དང་འབྲོག་དམངས་ཀྱི་རྩ་འཛུགས་རང་བཞིན་ཅན་གྱི་ཚད་གཞི་ཇེ་མཐོར་བཏང་ན།    ད་བཟོད་བཀག་རྒྱ་དེ་གཞི་ནས་སེལ་ཐུབ། སྔོན་ཆད་འབྲོག་དམངས་ཀྱི་ཀོ་རིགས་ཐོན་རྫས་དང་རྒྱུ་ཆ་རིན་གོང་ དམའ་མོའི་ངང་ནས་ས་དེའི་ཀོ་རིགས་ཉོ་བའི་སྒེར་གྱི་ཚོང་བར་འཚོང་བཞིན་ཡོད། ད་ལྟ་མཉམ་སྒྲུབ་ཚོང་སྡེ་ བརྒྱུད་ནས་ཀོ་རིགས་ཐོན་རྫས་དང་རྒྱུ་ཆ་ཐད་ཀར་དུ་རྒྱལ་ནང་གི་ཀོ་བཟོ་ཐོན་རྫས་བཟོ་གྲྭ་དང་ཡང་ན་ཁེ་ལས་ཆེ་རིགས་ལ་འཚོང་བཞིན་ཡོད་པར་མ་ཟད་ཕྱི་རྒྱལ་དུའང་གཏོང་བཞིན་ཡོད། ད་ལྟ་མཉམ་སྒྲུབ་ཚོང་སྡེ་ནི་འབྲོག་དམངས་ཁོངས་མི་ཚོའི་ཕྱུགས་ཟོག་དང་དབྱར་རྩྭ་དགུན་འབུ་ཕན་ཆད་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་ཨང་གསུམ་པར་གྱུར་ཡོད་པས། དངོས་གནས་འཕར་སྣོན་གྱི་དམིགས་འབེན་དུ་སླེབས་ཡོད།

      མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་ནི་འགན་ཁུར་ལྕི་ལ་ཀྱག་ཀྱོག་ཆེ་བ་ཞིག་ཡིན་ནའང་།   འབྲོག་ཁུལ་གྱི་བརྡ་འཕྲིན་རང་བཞིན་གྱི་འཛུགས་སྐྲུན་དང་རྩ་འཛུགས་རང་བཞིན་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན།    རྒྱུ་མཚན་དེའི་དབང་གིས་ཚོང་ལས་དཔལ་འབྱོར་ཕུགས་བསམ་ཡོད་མཁན་ཚོ་ནང་དུ་ཞུགས་ཏེ་མཉམ་དུ་འཕེལ་རྒྱས་ལ་འཆར་གཞི་འདོན་རྒྱུར་སྙིང་ཐག་པ་ནས་རེ་སྒུག་བྱེད་བཞིན་ཡོད།

     ངེད་མཉམ་སྒྲུབ་ཚོང་སྡེས་ས་གནས་ཁོངས་མི་ཞབས་འདེགས་ཞུ་ཡུལ་བྱས་ཏེ། མཉམ་སྒྲུབ་ཚོང་སྡེའི་ལས་གཉེར་བརྒྱུད་ནས་ཁོངས་མི་ཡོངས་ལ་ཚོང་རའི་ཁེ་ཕན་ཐོབ་པ་དང་། འཆམ་མཐུན་གྱི་ལས་གནས་འཛུགས་སྐྲུན།    འབྱོར་ཕྱུག་གི་ལམ་ལ་འགྲོ་བ་བརྩོན་ལེན་བྱེད་པ་དགོངས་དོན་དུ་འཛིན་བཞིན་ཡོད།    ཁྲིམས་ལྟར་ཁོངས་མིའི་ཁྱིམ་ཚང་གཅིག་བསྡུས་ཀྱིས་ཀོ་རིགས་འཚོང་བ་དང་།    ལས་སྣོན།    སྐྱེལ་འདྲེན།   གསོག་འཇོག་སོགས་ཚོང་རའི་ལས་གཉེར་དང་ཕྱུགས་ལས་ཐོན་སྐྱེད་ལས་གཉེར་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ། བརྡ་འཕྲིན།    སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་མཁོ་སྤྲོད་བྱེད་བཞིན་ཡོད།

ལས་ཀའི་ནང་དོན་གཙོ་བོ་གཤམ་ལྟར།

དང་བོ།

       ཉོ་སྒྲུབ་དང་མཁོ་སྤྲོད།   ཁོངས་མིའི་འབྲོག་པར་དགོས་མཁོ་ཡོད་པའི་མི་རིགས་མཁོ་ཆས་དང་ཐོན་སྐྱེད་རྒྱུ་ཆ་ལས་སྣོན།

གཉིས་པ།

      ཁོངས་མིའི་བར་དང་དཔལ་འབྱོར་དངོས་ཡོད་སྒྲིག་གཞི་སོ་སོའི་བར་བརྡ་འཕྲིན་བློ་འདྲི་དང་། ལག་རྩལ་འདོན་སྤེལ་དང་ནང་འདྲེན། ཚོང་ར་གསོ་སྐྱོང་།   ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ།

གསུམ་པ།

      སྙིང་རྗེ་དང་ཕན་བདེ། ཉེན་སྲུང་ཞབས་ཞུ། སྨན་བཅོས་དང་བདེ་ཐང་གི་བྱ་བ་འཕེལ་རྒྱས།

བཞི་བ།  

      ཆེད་ལས་དང་སྤྱིར་བཏང་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། ཁོངས་མིའི་སྤྱི་ ཡོངས་ཀྱི་སྤུས་ཚད་མཐོར་འདེགས། ཆ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་། གཞན་སྤྱི་ཚོགས་ཀྱི་ཞབས་ཞུའི་བྱ་བ་སྤེལ་བ་བཅས་སོ།  །


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (6204)