སློབ་གླིང་གསར་འགྱུར། མི་ལོ་ལྔ་འཁོར་བའི་དེ་རིང་།

སློབ་གླིང་གསར་འགྱུར།  མི་ལོ་ལྔ་འཁོར་བའི་དེ་རིང་། 

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་བཅུ་དགུ་བའི་འཛིན་གྲྭ་གཉིས་པ་ནི་སློབ་གླིང་འདིར་མཐར་ཕྱིན་ནས་མི་ལོ་ཧྲིལ་བོ་ལྔ་འཁོར་ཡང་།  སློབ་གྲོགས་ཕན་ཚུན་བར་གྱི་མཛའ་བརྩེ་མ་ཉམས་པར་ལྷན་འཛོམས་ཀྱི་གྲོས་ཀ་གནང་མཐར།   ལྷན་འཛོམས་ཀྱི་ས་གནས་མ་ཡུམ་སློབ་གླིང་བདམས་ཏེ་སློབ་གྲོགས་བཞི་བཅུ་ལྷག་སྤྱི་ཟླ་10ཚེས་03ཉིན་དངོས་སུ་མ་ཡུམ་སློབ་གླིང་དུ་འབྱོར།   ཐོག་མར་འཛིན་བདག་དགེ་རྒན་གཙུག་ཕུད་ལགས་ལ་མཚམས་འདྲི་དང་བཅས་དངོས་སུ་མཇལ་ཁ་ཞུས་ཏེ།  ང་ཚོས་རང་མོས་སྒོས་དགེ་རྒན་དང་ལས་བཟོ་བ་རྣམ་པར་བཀའ་དྲིན་མཚོན་ཕྱིར་དུ་སློབ་གསེང་གི་དུས་ཚོད་བེད་སྦྱད་དེ་གསོལ་ཚིགས་སྟབས་བདེ་ཞིག་འདྲེན་རྒྱུ་དང་སློབ་གྲྭའི་ཁོར་ཡུག་གང་རུང་དུ་གང་ཐུབ་གྱིས་གད་བདར་གནང་རྒྱུའི་བསམ་ཚུལ་སྙན་ཞུ་ཕུལ་བ་ལྟར།  ཚེས་03ཉིན་དགེ་སློབ་ཀུན་དགྱེས་འཛོམས་གནང་སྟེ་གུང་ཚིགས་མཉམ་དུ་བཞེས་ཤིང་། སློབ་གྲོགས་རེ་རེས་རང་རང་གི་འཚོ་བ་དང་སྐབས་བསྟུན་གྱི་ལས་གནས་སོགས་དགེ་རྒན་ལས་བཟོ་བ་ཡོངས་ལ་སྙན་ཞུ་ཕུལ་རྗེས།  དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དང་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སློབ་གྲོགས་ཚོར་ཞལ་ཏ་ཡིད་འཁུལ་བ་གནང་།  ཚེས་04ཉིན་འཛིན་བདག་དགེ་རྒན་གཙུགས་ཕུད་རྒྱ་མཚོ་མཆོག་གིས་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་རྒྱུ་རྐྱེན་དུ་མའི་དབང་གིས་སློབ་གྲྭར་ཕེབས་མ་ཐུབ་པར་ཡུན་རིང་འགོར།   ད་ཐེངས་དགེ་རྒན་རིན་པོ་ཆེ་ཕྱིར་ཕེབས་པའི་སྐབས་དང་འཁེལ་ཡོད་པས་ང་ཚོ་ཚང་མ་དཀྱུས་གཅིག་ཏུ་འཛོམས་པ་ནི་ཧ་ཅང་སྐལ་བ་བཟང་བོ་ཡིན། དེ་བས་ཁྱེད་ཅག་གི་རེ་བ་བཞིན་དགེ་རྒན་རྣམ་པའི་གཟིམ་ཤག་དང་ཐོན་མིའི་འབུམ་གླིང་ལ་གད་བདར་བྱ་ཐུབ་པ་ན་ཧ་ཅང་ལེགས་ཞེས།  ང་ཚོའི་བཏོན་པའི་རེ་བ་ལྟར་སློབ་གྲོགས་རྣམས་ཚན་ཆུང་མང་བོར་བགོས་ཏེ་དགེ་རྒན་རྣམ་པའི་གཟིམས་ཤག་དང་སློབ་གྲྭའི་རྟེན་གྱི་གཙོ་བོ་ཐོན་མིའི་འབུམ་གླིང་གི་ཕྱི་ནང་གཉིས་སུ་རྩི་དཀར་བྱུགས་པ་སོགས་གད་བདར་གང་ལེགས་བྱས་པར་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་སྐུ་དངོས་སུ་ཕེབས་ན་ང་ཚོ་དང་མཉམ་དུ་ལས་ཀར་ཟབ་ཞུགས་གནང་བ་དང་།  ཐེངས་འདིའི་བྱ་འགུལ་གྱི་རིན་ཐང་དང་འབྲེལ་བའི་ལམ་སྟོན་བསླབ་བྱ་གནང་། ཚེས་5ཉིན་གྱི་ཉིན་གུང་ཡོལ་ཙམ་དུ་དགེ་སློབ་ཡོངས་ལ་གཞན་གང་གིས་ཀྱང་ཚབ་མཚོན་མི་ནུས་པའི་སྤྲོ་སྣང་དང་བཅས་ལས་ཀ་ཡོད་ཚད་བདེ་ལེགས་ངང་མཇུག་གྲུབ་པར་བྱས།  ང་ཚོས་ཐེངས་འདིར་དགེ་རྒན་རྣམས་ཐུགས་དགྱེས་པའི་མཆོད་པ་ཞིག་འབུལ་ཐུབ་སོང་སྙམ་པའི་དགའ་ཚོར་བཅས་ཕྱིར་ཕ་ཡུལ་དུ་བདེ་བླག་ངང་ཆས་སོ།།

གསར་འགོད་པ། ཀླུ་སྟག་འཇིགས་མེད་གྲགས་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-10-06 ལྟ་ཀློག (5970)