བོད་ལྗོངས་ལྷ་སར་ནུབ་ལུགས་དངོས་བྲིས་རི་མོ་འགྲེམས་སྟོན་བྱས་པ།

བོད་ལྗོངས་ལྷ་སར་ནུབ་ལུགས་དངོས་བྲིས་རི་མོ་འགྲེམས་སྟོན་བྱས་པ།

         2021ལོའི་སྤྱི་ཟླ་10བའི་ཚེས་01ཉིན་གྱི་ཕྱི་དྲོར་མཚོ་སྔོན་གཟུགས་འདུས་སྒྱུ་རྩལ་ལས་ཤག་གི་འགན་འཛིན་པའམ་བོད་ཀྱི་ན་གཞོན་རི་མོ་བ་ཁ་ཀྱཱའི་ཀུ་ལ་ཡག་དང་། རྨ་ལྷོ་སོག་རྫོང་གི་ན་གཞོན་རི་མོ་བ་འོ་ཆང་གཉིས་ཀྱིས་དབུས་ཉི་མ་ལྷ་སའི་སྐྱིད་ཆུ་ལམ་གྱི་གཙང་གསུམ་གཞིས་ཁུལ་3-4འོད་ལྡན་ཚིག་ཇ་ཁང་དུ་ནུབ་ལུགས་དངོས་བྲིས་རི་མོ་འགྲེམ་སྟོན་བྱས་ཤིང་།   ཆེད་ཞུས་དགེ་རྒན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་གི་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་ལགས །  ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་དགེ་རྒན་ཆེན་མོ་ཀ་ཤོད་བསྟན་དགའ་ལགས།  ལྷ་རིས་སྒྱུ་རྩལ་བ་གྲགས་ཅན་པ་སྣམ་མིག་དམར་ལགས།   ལྷ་རིས་སྒྱུ་རྩལ་གྲགས་ཅན་སྨན་བླ་དོན་འགྲུབ་ལགས།   ལྷ་རིས་སྒྱུ་རྩལ་བ་གྲགས་ཅན་བསྟན་པ་ཉི་མ་ལགས་བཅས་ཆེད་ཕེབས་ཀྱིས་འགྲེམ་སྟོན་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་དང་།  སྔ་ཕྱིར་རི་མོ་བ་གཉིས་ཀྱི་མི་ཚེ་རྒྱུད་རིམ་དང་རི་མོ་འབྲི་སྦྱོང་གི་ལས་སུ་ཞུགས་པའི་གནས་ཚུལ་མཚམས་སྦྱོར་བྱས་བར་ཉན་རྗེས།  ཕན་ཚུན་བར་དྲི་བ་དྲིས་ལན་གྱི་ཚུལ་གསུང་བཤད་གནད་དུ་འཁེལ་བ་མང་བོ་གནང་ཞིང་།   འོད་ལྡན་ཚིག་ཇ་ཁང་གི་འགན་འཛིན་པ་ཆོས་སྐྱིད་དང་དབང་ཕྱུག   མདོ་འཛིན་པ་བློ་བཟང་སྦྱིན་པ་སོགས་ཀྱིས་གང་ཅིའི་ཐད་མཛུབ་སྟོན་དང་ཐུགས་ཁུར་གང་ལེགས་གནང་།


     དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་གྱིས་<<ཁྱེད་རང་རི་མོ་བ་ཞིག་ཡིན་པའི་ངོས་ནས།  ཁྱེད་ཀྱིས་བྲིས་པའི་བརྩམ་ཆོས་ནི།   མིའིརིགས་ཀྱི་ཆ་ནས་འགྲེང་ཐུབ་པའི་སྒྱུ་རྩལ་བརྩམས་ཆོས་ཞིག་ཡིན་དེ་ནི་བརྩམས་ཆོས་ཨང་དང་བོ་ཡིན།  མི་རིགས་ཀྱི་ཆ་ནས་འགྲེང་ཐུབ་པའི་སྒྱུ་རྩལ་བརྩམ་ཆོས་ཞིག་ཡིན་ན་དེ་ནི་བརྩམས་ཆོས་ཨང་གཉིས་པར་ངོས་འཛིན་བྱས་ཆོག    དེ་ལྟ་མ་འཇོན་ནའང་།  མི་སྒེར་གྱི་བསམ་བློ་མཚོན་པའི་རི་མོ་བ་ཞིག་ཅིས་ཀྱང་བྱ་དགོས་པར་འདོད །  >>  ཞེས་གསུངས།

    དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་གྱིས་<<ངས་ཐང་གའི་དགེ་རྒན་ཞིག་གི་ཕྱག་ལས་གནང་བཞིན་ཡོད་ནའང་དེང་རབས་རི་མོ་ལ་ཧ་ཅང་དགའ་བོ་ཡོད།  ཡིན་ནའང་བདག་གི་དགེ་རྒན་གྱིས་གསུངས་པ་བཞིན།  དེང་རབས་རི་མོ་འབྲི་བར་དེང་རབས་རྐྱང་རྐྱང་གི་ལམ་དུ་འབྲི་བ་དང་།  སྲོལ་རྒྱུན་འབྲི་བ་ལའང་བསྲེས་ལྷད་མ་ཞུགས་པའི་སྒོ་ནས་སྲོལ་རྒྱུན་རྐྱང་རྐྱང་བྲིས་ན་ཕན་ཐོགས་ཆེན་པོ་ཡོད་ཞེས་གསུངས་པ་བཞིན། བདག་གིས་ཀྱང་དེ་ནི་ཧ་ཅང་གལ་ཆེ་བར་འདོད་ཡོད་>>ཞེས་གསུངས།

      དགེ་རྒན་ཆེན་མོ་ཀ་ཤོད་བསྟན་དགའ་ལགས་ཀྱིས་<< རི་མོ་བ་ཞིག་ལ་ཚང་དགོས་པ་ནི།  རི་མོ་འབྲི་ཤེས་པ་ཙམ་དུ་མ་ཟད།  རི་མོའི་བརྗོད་བྱའི་ནང་དོན་དང་དེའི་རྒྱབ་ལྗོངས་ཀྱི་མཚོན་དོན།   ལོ་རྒྱུས་སོགས་འགྲེལ་བཤད་རྒྱག་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་>>ཞེས་གསུང་བཤད་གནད་དུ་འཁེལ་བ་གནང་།

     ལྷ་རིས་སྒྱུ་རྩལ་གྲགས་ཅན་སྨན་བླ་དོན་འགྲུབ་ལགས་ཀྱིས་ད་ལྟ་ཁྱེད་རང་གཉིས་ཀྱིས་བྲིས་པའི་རི་མོ་མང་ཆེ་བ་ནི་<<རང་མི་རིགས་ཀྱི་ངོ་བོ་དང་འཚོ་བ་མཚོན་པའི་སྒྱུ་རྩལ་རི་མོ་དང་།  ཡུལ་ལྗོངས་ཀྱི་བཀོད་པ་མཚོན་ཞིང་མར་དྲི་རྩམ་དྲི་འཐུལ་བའི་རི་མོ་རྐྱང་རྐྱང་རེད་བསམ་གྱིན་ཡོད།   མ་འོངས་པར།   སེམས་ཤུགས་མ་ཉམས་པར་འབད་བརྩོན་ཆེན་པོས་དེ་བས་ཀྱང་སོ་སོའི་མི་རིགས་ཀྱི་འཚོ་བ་དང་ངོ་བོ་མཚོན་པའི་རི་མོ་མང་བོ་ཞིག་འབྲི་ཐུབ་ན།  རི་མོ་འབྲི་མཁན་མི་རབས་རྗེས་མ་གང་མང་ཞིག་ལ་བག་ཆགས་ཡག་པོ་འཇོག་ཐུབ་པའི་རེ་བ་ཡོད།  >> ཞེས་གསུང་བཤད་གལ་ཆེན་གནང་།

བརྩམས་ཆོས་གཅིག་ལ་སྒོར་6000.00 བྱིན་ཏེ་ཕྱིར་འཚོང་བྱས་པ།

ཁྱེད་རང་གཉིས་ཨ་མདོ་མཚོ་སྔོན་ནས་དབུས་ཉི་མ་ལྷ་སར་ཆེད་ཕེབས་ཀྱིས་ནུབ་ལུགས་དངོས་བྲིས་རི་མོ་འགྲེམས་སྟོན་བྱས་པར་དགའ་བསུ་ཞུ་ཞེས་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་།

གསར་འགོད་པ། བན་ཤུལ་འཁྱམ་བསེ་རུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-10-05 ལྟ་ཀློག (8878)