རྩྭ་ཐང་བུ་མོའི་སློབ་གླིང་གསར་འགྱུར། ཤེས་རིག་འགྲན་གླེང་།

ཤེས་རིག་འགྲན་གླེང་སྐབས་བརྒྱ་དང་བརྒྱད་པའི་བྱེད་སྒོ །

     ཁ་སང་སྟེ་སྤྱི་ཟླ་དགུ་པའི་ཚེས་ཉེར་གཉིས་ཀྱི་དགོང་མོའི་ཆུ་ཚོད་བདུན་པ་ནས་ངེད་གངས་ལྗོངས་རྩྭ་ཐང་བུ་མོ་སློབ་གྲྭའི་བོད་སྐད་ཡིག་སྡེ་ཁག་གིས་གཙོ་སྒྲུབ་བྱས་པའི་སྐབས་བརྒྱ་དང་བརྒྱད་པའི་ཤེས་རིག་འགྲན་གླེང་རང་སློབ་གྲྭའི་ཚོགས་ཁང་ཆེན་མོ་རུ་འཚོགས།  ཚོགས་ཐོག་ཏུ་རང་སློབ་གྲྭའི་དགེ་སློབ་ཡོངས་མཉམ་ཞུགས་བགྱིས་ཤིང། ཐེངས་འདིའི་དཔྱད་འདེམ་དགེ་རྒན་རྣམ་པ་ནི་རྒན་ཤར་པང་བཀྲ་ཤིས་ཚེ་རིང་། རྒན་དམེ་ཚང་ཡེ་ཤེས་རྒྱ་མཚོ།  རྒན་གཡོན་གཞིས་དགའ་རབ།  རྒན་རྭ་རྒྱ་བློ་བཟང་ཚེ་རིང་། རྒན་སུ་རིག་སྒྲོལ་མ་སྐྱབས་བཅས་ཡིན།

དཔྱད་འདེམ་དགེ་རྒན་རྣམ་པ།

      ཐེངས་འདིའི་ཤེས་རིག་འགྲན་གླེང་ནི་བོད་སྐད་ཡིག་གི་སློབ་སྦྱོང་མཁའ་དབུགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དམིགས་ནས་སྤེལ་བ་ཡིན་ལ། ཤེས་རིག་འགྲན་གླེང་འདི་ཉིད་དོན་ཚན་ཆེན་མོ་རྣམ་པ་བདུན་གྱི་སྒོ་ནས་སྤེལ་བ་སྟེ། དང་པོ། དྲིས་ལན་ཤེས་བྱའི་རླབས་རྒྱུན།  གཉིས་པ། སྡེབ་ལེགས་ངག་རིག་ཕྲེང་མཛེས། གསུམ་པ། འགྲེལ་བཤད་སྒྲོག་བརྒྱ་རང་གྲོལ། བཞི་པ།  ལྗགས་རྩལ་སྨྲ་བའི་འདབ་རྒྱན།  ལྔ་པ། གབ་ཚིག་བློ་འབྱེད་ལྡེ་མིག  དྲུག་པ། རྒྱུན་ཤེས་ཤེལ་དཀར་མེ་ལོང་།  བདུན་པ། བགྲོ་གླེང་རིག་གཞུང་འབབ་སྟེགས་བཅས་ཡིན།

      ཐེངས་འདིའི་འགྲན་ཞུགས་པ་ནི་སློབ་ཆུང་ལོ་རིམ་གཉིས་པ་ནས་དམའ་འབྲིང་གསུམ་པའི་བར་ཞུགས་ཤིང་། དེར་ཚན་ཁག་གམ་འཛིན་རིམ་གསུམ་གྱིས་བགོས་ཡོད་ལ།  འཛིན་་རིམ་དང་པོ་ནི་ལོ་རིམ་གཉིས་པ་ནས་བཞི་པའི་བར་ཡིན། འཛིན་རིམ་གཉིས་པ་ནི་ལོ་རིམ་ལྔ་བ་ནས་དྲུག་པའི་བར་ཡིན། འཛིན་རིམ་གསུམ་པ་ནི་དམའ་འབྲིང་དང་པོ་ནས་དམའ་འབྲིང་གསུམ་པའི་བར་བཅས་ཡིན།  སློབ་རིམ་དང་པོར་ཁྱོན་ཡོངས་སློབ་གྲོགས་བཅུ་གཉིས་འགྲན་གླེང་དུ་ཞུགས། དེ་ལས་ཐོས་བརྩོན་སྐར་ཚོམ་འཛིན་གྲྭར་སློབ་རིམ་དང་པོའི་རྩེར་སོན་གྱི་བྱ་དགའ་ཐོབ་པ་དང་འཛིན་གྲྭས་འགྲན་ཞུགས་པ་ཨ་མཁར་མོ་མཚོ་དང་དངོས་གྲུབ་སྒྲོལ་མ། གཡང་དཀར་སྒྲོལ་མ་བཅས་ལ་མི་སྒེར་གྱི་གཟེངས་རྟགས་བསྩལ།

འཛིན་རིམ་དང་པོའི་སློབ་གྲོགས་ཨ་མཁར་མོ་མཚོས་དྲི་བར་ལན་འདེབས་བཞིན་པ།

       འཛིན་རིམ་གཉིས་པའི་ལོ་རིམ་ལྔ་བ་ནས་དྲུག་པའི་བར་གྱི་འཛིན་གྲྭ་སོ་སོའི་སློབ་གྲོགས་གསུམ་རེ་རེར་འགྲན་གླེང་ལ་ཞུགས་ཤིང་ཁྱོན་ཡོངས་སློབ་གྲོགས་དགུ་ཞུགས། དེའི་ཁྲོད་འཕྲོག་བྱེད་དཀར་མོའི་འཛིན་གྲྭར་འཛིན་རིམ་གཉིས་པའི་རྩེར་སོན་གྱི་བྱ་དགའ་ཐོབ་ཅིང་འགྲན་ཞུགས་པ་སློབ་བུ་གསང་བདག་མཚོ་དང་མཁའ་ལྷ། ཇི་སྙེད་མཚོ་གསུམ་ལ་མི་སྒེར་གྱི་བྱ་དགའ་ཐོབ།
       སློབ་འབྲིང་རིམ་པའི་ལོ་རིམ་བདུན་པ་ནས་དགུ་བའི་བར་གྱི་འཛིན་གྲྭ་སོ་སོའི་འཐུས་ཚབ་འགྲན་ཞུགས་མཁན་གསུམ་རེ་ཞུགས་ཤིང་ཁྱོན་སློབ་གྲོགས་བཅོ་ལྔ་ཞུགས།    འདིར་སློབ་འབྲིང་རིམ་པར་དམིགས་སུ་བགྲོ་གླེང་རིག་གཞུང་འབབ་སྟེགས་ཞེས་པ་བཀོད་སྒྲིག་བྱས་ཡོད་ཅིང་། འཛིན་གྲྭ་སོ་སོའི་འགྲན་ཞུགས་ཁྲོད་ཀྱི་འཐུས་ཚབ་སློབ་བུ་གཅིག་རེ་གླེང་སྟེགས་སུ་བུད་ནས་བགྲོ་གླེང་བྱས།

སློབ་གྲོགས་བསམ་གྲུབ་སྒྲོལ་མས་དྲི་བར་ལན་འདེབས་བཞིན་པ།

     འདིར་ལོ་རིམ་བདུན་པའི་འཛིན་གྲྭ་དང་པོ་སྟེ་གངས་རིའི་སྐར་རྒྱན་འཛིན་གྲྭའི་སློབ་གྲོགས་ཤེར་མཛེས་མཚོ་དང་འཛིན་གྲྭ་གཉིས་པ་སྟེ་ལྔ་རིག་ལྷག་བརྩོན་འཛིན་གྲྭའི་སློབ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་སློབ་མའི་ལས་བྱའི་མང་ཉུང་དང་ལྕི་ཡང་གིས་སློབ་མར་ཕན་འབྲས་འབྱུང་ངམ་ཤུགས་རྐྱེན་ཇི་ལྟར་ཐེབས་བཞིན་ཡོད་ཅེས་པའི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་བྱས་པ་དང་། དམའ་གཉིས་འཛིན་གྲྭ་ཀ་པ་སྟེ་གླིང་དཀར་ནེའུ་ཆུང་འཛིན་གྲྭའི་སློབ་གྲོགས་དཔའ་ཚེ་དང་དམའ་གཉིས་འཛིན་གྲྭ་ཁ་པ་སྟེ་ལྷག་བསམ་པད་དཀར་འཛིན་གྲྭའི་སློབ་གྲོགས་ཏཱ་རེ་སྒྲོལ་མ།  དམའ་གསུམ་འཛིན་གྲྭ་སྟེ་རེ་བའི་མེ་དཔུང་འཛིན་གྲྭའི་སློབ་གྲོགས་ཚེ་འཚམས་བཅས་ཀྱིས་ཁ་པར་སློབ་མའི་ལག་ལ་བཞག་ན་སློབ་སྦྱོང་གི་མཐུན་རྐྱེན་ཡིན་ནམ་བར་ཆད་ཡིན།  མཐུན་རྐྱེན་ཡིན་ན་ཇི་ལྟར་ཡིན་པ་དང་བར་ཆད་ཡིན་ན་ཇི་ལྟར་ཡིན་པ་སོགས་ཀྱི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་བྱས། དེ་ལས་ལྷག་བསམ་པད་དཀར་འཛིན་གྲྭར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་གླིང་དཀར་ནེའུ་ཆུང་འཛིན་གྲྭར་ཨང་གཉིས་པའི་བྱ་དགའ་ཐོབ།  འགྲན་ཞུགས་པ་རེ་རེར་མི་སྒེར་གྱི་གཟེངས་རྟགས་བསྩལ།
      དེར་མཐུད། དཔྱད་འདེམ་པ་རྒན་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཤེས་རིག་འགྲན་གླེང་ལ་གཞི་བཅོལ་ཏེ་གཏམ་བཤད་བྱས་པ་དང་དཔྱད་འདེམ་པ་རྒན་ཡེ་ཤེས་རྒྱ་མཚོ་དང་རྒན་སུ་རིག་སྒྲོལ་མ་སྐྱབས་གཉིས་ཀྱིས་དཔྱད་འདེམ་པ་ཡོངས་ཀྱི་ཚབ་བྱས་ནས་དཔྱད་བརྗོད་གནང་།

སློབ་གཙོ་རྒན་ཤར་པང་བཀྲ་ཤིས་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

མཇུག་ཏུ། ཤེས་རིག་འགྲན་གླེང་དུ་ཞུགས་པའི་ཨང་ཐོབ་སློབ་གྲོགས་དག་དང་དགེ་རྒན་རྣམ་པས་མཉམ་པར་བསྒྲོན་ཞིང་མཇུག་བདེ་བླག་ཏུ་བསྒྲིལ།

མཉམ་པར་བསྒྲོན་པ།

གསར་འགོད་པ།  ཀུན་བཟང་ལྷ་མོ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-09-23 ལྟ་ཀློག (11178)