བོད་ཀྱི་དངུལ་ཁབ་མཁན་པོས་ཁམས་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ།

བོད་ཀྱི་དངུལ་ཁབ་མཁན་པོས་ཁམས་ཕྱོགས་སུ་མཛད་འཕྲིན་བསྐྱངས་པ།


     སྤྱི་ལོ༢༠༢༡ལོའི་ཟླ༨ཚེས༡༧ཉིན། དཀར་མཛེས་ཁུལ་སེར་ཤུལ་རྫོང་བོད་སྨན་ཁང་དང་གདན་ས་ཆེན་པོ་ལྕང་མ་དགོན་བོད་སྨན་ཁང་གིས་གདན་དྲངས་ནས་བོད་ཀྱི་དངུལ་ཁབ་རིག་པའི་གཞུང་དང་ལག་ལེན་དམར་ཁྲིད་གནང་བར་མ་ཟད་ཉེ་འཁོར་གྱི་ཉམ་ཐག་ནད་པ་རྣམས་ལ་སྨན་བཅོས་ཀྱིས་མཛད་འཕྲིན་བསྐྱངས་ཡོད།


     ཐེངས་འདིའི་ཟབ་སྦྱོང་ལ་བོད་ཁུལ་ཞིང་ལྗོངས་ལྔ་དང་གཤོང་ས་ན་བོད་སྨན་གྱི་བྱ་བ་གཉེར་པའི་སྨན་པ་བཅས་སློབ་མ་བརྒྱ་ཕྲག་འགའ་འཛོམས་ཡོད། སྨན་པ་ཁོང་ནི་སྔོན་ཐོན་གུང་ཁྲན་ཏང་ཡོན་དང་ས་གནས་མང་ཚོགས་ལ་ནམ་ཡང་ཤ་ཚ་ཞིང་སྙིང་ཉེ་བའི་སྨན་པ་ཞིག་ཡིན་པར་མ་ཟད་བོད་ཁུལ་ཡོངས་ཀྱིས་ཁས་ལེན་པ་དང་། དངུལ་ཁབ་ཀྱི་གཞུང་དང་ལག་ལེན་གྱི་སློབ་བརྒྱུད་སྟོང་ཕྲག་མང་བོར་བསླབ་གནས་སྤྲད་པའི་བོད་ཀྱི་དངུལ་ཁབ་དང་འབྲེལ་བའི་གསོ་རིག་ཕྱག་ལས་ཁྲོད་འབུར་དུ་ཐོན་ཡོད་པའི་རླབས་ཆེན་གྱི་སློབ་དཔོན་བཟང་བོ་ཞིག་ཀྱང་ཡིན་ཞེས་བཤད་ཆོག


     ཁོས་ནམ་ཡང་བཤད་རྒྱུར་ད་ལྟའི་སྤྱི་ཚོགས་སུ་སྨན་ཁང་དང་སྨན་པ་འགའ་ཞིག་གིས་བོད་ཀྱི་སྦྱོར་སྡེ་སོགས་ཉོ་འཚོང་གི་ལས་ལ་འབད་དེ་སྨན་པའི་འདུ་ཤེས་དང་དམ་ཚིག་བོར་བའི་སྨན་པ་ཉི་ཚེ་བ་སྐོར་ཞིག་ལ་ཆགས་པའི་གནས་ཚུལ་སྐྱོ་བོ་མང་བོ་བྱུང་དང་འབྱུང་བཞིན་པ་དང་། སྨན་པ་ཚོང་བར་གྱུར་ཡོད་པའི་གནས་ཚུལ་དག་གིས་ང་ཚོའི་བོད་ཀྱི་གསོ་རིག་ལ་ལྷད་སྐྱོན་མི་ཡོང་ཐབས་ལ་རང་ཚུགས་བརྟན་པོས་ས་གནས་མང་ཚོགས་ལ་ཞབས་ཞུ་ལེགས་པོ་བསྒྲུབ་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ཞེས་ཡང་ཡང་གསུངས་མྱོངས་པར་མ་ཟད་ཁོ་རང་གིས་མི་ལོ་ཉེར་བརྒྱད་ལྷག་ལ་རིན་མ་བླངས་པར་གསོ་བཅོས་བྱས་པ་ནི་ཁ་བཤད་དོན་ལ་གནས་པའི་རྣམ་དཀར་གཞན་ཕན་གྱི་བྱ་བའི་དན་རྟགས་ཀྱང་ཡིན། ཁོ་ལ་མཁན་མཐུ་སྟོབས་ཚང་དང་དགུང་གྲངས་བརྒྱད་ཅུར་བཞེས་པའི་སྨན་པ་གྲགས་ཅན་འཇུ་མི་ཕམ་ཚང་གི་སློབ་རྒྱུན་འཛིན་པ་མི་རབས་དྲུག་པ་འཇུ་ཚེ་སྟོབས་སོགས་ས་གནས་ཀྱི་མཁས་པ་མང་བོས་སྣེ་ལེན་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད།



     དེར་བསྟུན་ལྕང་མ་བོད་སྨན་རྩིས་ཁང་གིས་མཛུབ་སྟོན་དགེ་རྒན་གྱི་མཚན་སྙན་ཕྱག་རྟགས་བསྩལ་བ་མ་ཟད་སྨན་ཁང་དུ་བོད་ཀྱི་དངུལ་ཁབ་བདེ་སོས་ཚན་ཁག་ཀྱང་བཙུགས། དེ་ལྟར་ཉིན་ཁ་ཤས་ཀྱི་རིང་ལ་བོད་ཀྱི་དངུལ་ཁབ་རིག་གཞུང་འཆད་ཁྲིད་གནང་བས་ཁོང་ལ་འགོ་ཁྲིད་པ་དང་ལས་ཁུངས། སློབ་གྲྭ་སོ་སོ་འཛིན་གྲྭ་སོ་སོ་ཚོགས་པ་སོ་སོ་དང་མི་སྒེར་བཅས་ནས་བཀའ་དྲིན་གཏང་རག་གི་ལེགས་སྐྱེས་ཕུལ། ཚེས་ཉེར་གསུམ་ཉིན་ཡ་ཆེན་ཨྱོན་བསམ་གཏན་གླིང་སྨན་པ་གྲྭ་ཚང་གིས་གདན་ཞུས་ལྟར་ཉིན་ཁ་ཤས་ཀྱི་རིང་ལ་ཇོ་སེར་སྨན་པ་བརྒྱ་ཕྲག་འགའ་ལ་བོད་ཀྱི་དངུལ་ཁབ་རིག་གཞུང་ལག་ལེན་དང་བཅས་པ་དམར་ཁྲིད་དང་ཚན་ཁག་ཀྱང་གསར་དུ་ཕྱེས། 


     ཡ་ཆེན་མཆོག་སྤྲུལ་ཨ་སངས་དང་སྨན་པ་གྲྭ་ཚང་གི་ལས་སྣེ་དང་འཛིན་གྲྭ་སོ་སོའི་འཛིན་བདག་དང་སྐྱོར་དཔོན་བཅས་ནས་ཁོ་ལ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ་བ་མ་ཟད་སྨན་པ་གྲྭ་ཚང་གིས་སློབ་སྟོན་དགེ་རྒན་དང་ཆེད་ལས་མཁས་པའི་མཚན་རྟགས་ཀྱང་བསྩལ། དེ་ལྟར་ཁོས་ཉིན་བཅུ་ཕྲག་ལྷག་གི་སྔ་ལངས་འཕྱི་ཉལ་དང་བརྩོན་པ་ཆེར་བསྐྱེད་ཀྱིས་སྨན་པ་བརྒྱ་ཕྲག་མང་བོ་ལ་བོད་ཀྱི་དངུལ་ཁབ་རིག་པའི་གཞུང་དང་ལག་ལེན་དམར་ཁྲིད་བྱས་པ་བསྡོམས་རྩིས་ལྟར་ན། ཁོང་གིས་ཐེངས་བདུན་ཅུ་ལྷག་གི་གསབ་སྦྱོང་འཛིན་གྲྭ་ལ་བོད་ཀྱི་དངུལ་ཁབ་རིག་པའི་ལག་ལེན་དར་སྤེལ་བཏང་བ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཤོག་ལྷེ་གསར་བ་ཞིག་དང་ཟིན་ཐོ་གསར་བ་ཞིག་ཡིན་ཞེས་བཤད་ཀྱང་ཐལ་མི་ཆེའོ། །


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2021-08-29 ལྟ་ཀློག (12146)