འབེལ་གཏམ་ཚན་པ་བརྒྱད། བཛྲ་ཚུལ་ཁྲིམས་རྒྱ་མཚོ།

༄༅།། འཇིག་རྟེན་ན་ཆེས་དཀའ་བ་ནི་མི་ཞིག་ལམ་དྲང་བོར་འགོད་རྒྱུ་དེ་ཡིན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    ས་སྟེང་གི་ལམ་འཁྱོག་པོར་ཡོད་པ་དྲང་ལ་ལེན་པ་ནི་དེ་ཙམ་མི་དཀའ་མོད། མིའི་སེམས་ཀྱི་ལམ་འཁྱོག་པོར་སོང་བ་དྲང་བོར་འགོད་རྒྱུ་ནི་ཆེས་ཤིན་ཏུ་དཀའ་བ་ཞིག་རེད། བཙན་པོའི་དབང་དང་ཕྱུག་པོའི་རྒྱུ་གང་གིས་ཀྱང་སེམས་དྲང་བོར་འགོད་མི་ཐུབ། སྤྱིར་ཡིན་ན་གནས་ལུགས་ཤེས་སུ་བཅུག་ནས་དྲང་ལ་འགོད་དགོས་པ་ཡིན་མོད། འོན་ཀྱང་ཤེས་ཐུབ་པའི་མི་ནི་ཉུང་ཤོས་ཤིག་རེད། ཕལ་མོ་ཆེ་ལ་གནས་ལུགས་བཤད་ས་མི་འགྲོ། མང་ཆེ་བས་རང་རང་གི་སེམས་ན་ཡོད་པ་དེ་གནས་ལུགས་ཡིན་བསམ་ཡོད།

    ལ་ལས་དོན་དེ་གནས་ལུགས་ཡིན་ན་དེ་གནས་ལུགས་ཡིན་པ་རིགས་པས་སྒྲུབ་པས་ཆོག་གོ་ཟེར་མོད། འོན་ཀྱང་རིགས་ལམ་མ་སྦྱངས་ཤིང་མི་ཤེས་པའི་མི་ལ་གནས་ལུགས་སྒྲུབ་བྱེད་རིགས་པ་ཞིག་ཇི་ལྟར་བཙལ། དེ་དག་ལ་མཚོན་ན་ཁོ་ཚོའི་ཨུ་ཚུགས་ལས་ལྷག་པའི་རིགས་ལམ་ཞིག་གཏན་མེད་པས་སོ།། རྒྱུ་མཚན་དེས་ན་སློབ་དཔོན་ཕྱོགས་གླང་ལ་ཡང་ཐེག་པ་ཆེན་པོའི་སེམས་བསྐྱེད་འདོར་ལ་ཉེན་པ་ཞིག་བྱུང་བ་ཡིན་ནོ།། དོན་གྱི་ཟུར་འགའ་ཞིག་ནས་བལྟས་ན། རིག་པ་ཅན་ལ་ལ་བླུན་པོ་དང་གདོང་ཐུག་ཚེ། ཁྱོད་བདེན་ཁྱོད་འགྲིག་ལས་གཏམ་གཞན་མི་བཤད་པ་ལའང་ཁག་མི་འདུག་སྙམ་པ་འཆར་རོ།།

    དེ་ཡང་ཡིན་ཏེ། གལ་ཏེ་མི་ཐམས་ཅད་ལ་གནས་ལུགས་རིགས་པས་སྒྲུབ་སླ་ན། སྟོན་པ་བཞུགས་དུས་ཀྱི་ལྷས་བྱིན་དང་ལེགས་སྐར་སོགས་གནས་ལུགས་ལས་གོལ་བའི་ལམ་ལ་ཅིའི་ཕྱིར་འགྲོ། སྟོན་པ་བཅོམ་ལྡན་འདས་ལས་ལྷག་པའི་གནས་ལུགས་གསལ་བར་སྟོན་མཁས་པ་ཞིག་མེད་པས་སོ།།



༄༅།། ཟང་ཟིང་ལས་ཆོས་ཀྱི་སྦྱིན་པ་མཆོག་ཡིན་པ་ཤེས་དགོས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    དེང་སང་ཆོས་ལ་དད་པའི་ཁུལ་བྱེད་པ་རྣམས་ཀྱི་ནང་ནའང་ཆོས་སྦྱིན་ལ་ཅི་ཡང་མི་བརྩི་བར་ཟང་ཟིང་གི་སྦྱིན་པ་ཁོ་ན་ལ་བསྔགས་བྱེད་མཁན་མི་ཉུང་བ་ཞིག་འདུག འོན་ཀྱང་བསམ་བློ་དེ་འགྲིག་མིན་ངས་མང་བོ་མི་བཤད། གལ་ཏེ་ཁྱོད་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་ཡོད་ཟེར་མཁན་ཞིག་ཡིན་ན། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཁས་ལེན་མཁན་ཞིག་ཡིན་ན། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ལ་སྙིང་ནས་དད་པ་ཡོད་མཁན་ཞིག་ཡིན་ན། གཤམ་གྱི་ལུང་འདི་ལ་ལྟོས་དང་གང་འགྲིག་སེམས་ལ་འབབ་རྒྱུ་ཞིག་ཡོད་སྙམ་མོ། དེ་ཡང་ལམ་རིམ་ཆེན་མོ་ལས། སྤྱིར་ཟང་ཟིང་གི་སྦྱིན་པ་ཁྱིམ་པའི་བྱང་སེམས་ཀྱིས་བྱེད་ལ་བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས་ཏེ། བྱང་སེམས་ཀྱི་སོ་སོར་ཐར་བ་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའི་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་ལས། ཤཱ་རིའི་བུ། རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཞིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་རིའི་བུ། དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ནི་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་།། ཞེས་སོ།། དེ་ཡང་ཐོས་པ་ལ་སོགས་པའི་བར་གཅོད་དུ་འགྱུར་བ་ལ་དགོངས་པར་བསླབ་བཏུས་སུ་གསུངས་ཏེ་རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་གཏོང་བྱེད་པ་བཀག་གི། རང་གི་དགེ་བའི་བྱ་བ་ལ་མི་གནོད་པར་སྔོན་གྱི་བསོད་ནམས་ཀྱི་མཐུས་མང་དུ་རྙེད་ན་ཟང་ཟིང་གཏོང་དགོས་པར་གསུངས་སོ།། ཤ༌ར་བའི་ཞལ་ནས་ཀྱང༌། ངས་ནི་ཁྱེད་ལ་གཏོང་བའི་ཕན་ཡོན་མི་བརྗོད་ཀྱི་འཛིན་པའི་ཉེས་དམིགས་བརྗོད་པ་ཡིན་གསུང་སྟེ། རབ་བྱུང་གིས་ཤ་ཐང་ཐང་དུ་ནོར་བཙལ་ཞིང་བསགས་ནས་ཚུལ་ཁྲིམས་ལ་རྨ་མང་དུ་ཕྱུང་སྟེ་སྦྱིན་པ་གཏོང་བ་ལ་མ་དགྱེས་པའི་གཏམ་མོ།། ཞེས་གསུངས་སོ།།

གལ་ཏེ་ཆོས་པའི་མིང་བཟུང་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་མིན་ན་འདི་ཁས་ལེན་དགོས་སོ།།



༄༅།། ང་ཚོས་ངོ་མ་བསམ་བློ་བཏང་ན་འགྲིག་སྙམ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    ང་རང་བྱིས་པའི་དུས་སུ་འདི་སྐད་ཐོས། སྔོན་ཡུལ་ཞིག་ན་རྒད་པོ་ཞིག་ཡོད། ཉིན་ཞིག་ཁོའི་གྲོགས་པོ་བཟང་བོ་ཁོ་དང་ལོ་མང་བོའི་རིང་མ་ཐུག་པ་ཤིག་ཁོའི་ཁྱིམ་ལ་ཐོན། ཁོ་ཤིན་ཏུ་དགའ་སྟེ་མགྲོན་བསུ་ཡག་ཐག་ཆོད་ཅིག་བྱེད་དགོས་སོ་ཞེས་རང་གི་བུ་ཁྲོམ་ལ་ཟས་ཀྱི་རྒྱུ་ཆ་འགའ་ཉོ་རུ་མངགས། འོན་ཀྱང་བུ་དེ་སོང་ནས་ཉིན་ཕྱེད་ཙམ་འགོར་ཡང་ཕྱིར་སླེབས་མ་བྱུང་། རྒདཔོས་ཅི་ཡིན་སྙམ་ནས་འཚོལ་དུ་སོང་བ་ན། ཟམ་པ་ཁ་ཞེང་ཤིན་ཏུ་དོག་མོ་ཞིག་གི་སྟེང་ན་མི་གཞན་ཞིག་དང་ཁ་གཏད་ནས་ལངས་ཡོད། རྒད་པོས་འདི་ཅི་བྱུང་བ་ཡིན་ཞེས་དྲིས་པར་བུས་སྨྲས་པ། ངའི་མདུན་གྱི་མི་འདིས་ང་ལ་ལམ་མི་གཟུར་བས་ངས་ཀྱང་ཁོ་ལ་ལམ་གཟུར་དགོས་དོན་མི་འདུག་སྙམ་ནས་ཁ་གཏད་དུ་ལངས་པས་ཉིན་ཕྱེད་སོང་ཡང་། ད་དུང་ལམ་འབྱེད་རྩིས་མེད་ཟེར། རྒད་པོས་གཏམ་དེ་ཐོས་པར་ཤིན་ཏུ་དགའ་སྟེ། ཨ་ཕའི་བུ་ཟེར་བ་ཁྱོད་རང་རེད། དེ་ལྟར་བྱེད་དགོས། ཁྱོད་ཀྱིས་ང་ཚོའི་ལ་རྒྱ་ཤོར་དུ་མ་བཅུག་པ་ཤིན་ཏུ་ལེགས། ད་ཁྱོད་ཀྱིས་ངལ་གསོ་ཅུང་ཙམ་གྱིས་དང་ང་ཁོའི་ཁ་གཏད་དུ་ལངས་ཆོག་ཅེས་རྒད་པོ་བུའི་ཚབ་ཏུ་ལངས། 

    འདི་ནི་རྒོད་གཏམ་ཅིག་ཡིན་སྲིད་མོད། འོན་ཀྱང་རྒོད་གཏམ་འདིར་བྱུང་བའི་ཕ་བུ་འདི་གཉིས་ཀའི་གཟུགས་བརྙན་དེང་སང་འོ་སྐོལ་བསམ་གཞིག་གཏོང་ཤེས་ཟེར་མཁན་ཚོའི་འཚོ་བ་དངོས་གནས་སུ་མང་བོར་མཐོང་རྒྱུ་ཡོད་པ་ནི། ཅི་འདྲའི་ཡིད་སྐྱོ་བའི་གནས་ཤིག་རེད་ཨང། ངོ་མས་བསམ་བློ་གཏོང་ཤེས་པ་བདེན་ན། ང་ཚོ་མི་དེ་འདྲ་དང་གདོང་ཐུག་བརྒྱབ་དུས་ཕྱིར་གོམ་པ་འགའ་རེ་བཤོལ་ན་འགྲིག་གམ་སྙམ་སྟེ། དེ་ལྟར་བྱས་ན་ང་ཚོའི་ལ་རྒྱ་མི་འཆོར་བར་མ་ཟད། ཀུན་ལ་ཕོག་ཐུག་ཉུང་ཞིང་། སོ་སོའི་དོན་དག་ཀྱང་དེས་འགྲུབ་འགྲོ་བ་མིན་ནམ་སྙམ་མོ།།

མེ་འཁོར་ནང་ནས་བྲིས།



༄༅།། དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ། 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


དེང་སྐབས་མཁས་པ་ལ་ལས། དབུ་མ་བ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སུ་དབྱེ་བ་ནི་བོད་ཕྱི་རབས་པ་ཁོ་ནའི་རང་བཟོ་རེད་ཅེས་གསུངས་པ་ནི་འཐད་དཀའ་སྟེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། གངས་རིའི་ཁྲོད་ཀྱི་ཕྱི་དར་གྱི་མཁས་པ་རྣམས་དབུ་མ་བ་ལ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ཀྱི་ཐ་སྙད་བྱེད་པ་ནི་ཚིག་གསལ་དང་མཐུན་པས་རང་བཟོར་མི་བསམ་མོ།། ཞེས་གསུངས་པས་སོ།། 



༄༅།། ནམ་ཞིག་བྱིས་པ་ལས་ཕན་པ་ཐོབ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


    སྤྱོད་འཇུག་ལས། 

ཕན་པར་སྨྲས་ན་ཁྲོ་བར་བྱེད།།

བདག་ཀྱང་ཕན་ལས་ཟློག་པར་བྱེད།།

དེ་དག་ངག་ནི་མ་ཉན་ན།།

ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར།།

ཞེས་གསུངས་ལ། དོན་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་དང་འགྲོགས་པ་འདི་དཀའ་སྟེ། དེ་དག་ཕལ་མོ་ཆེ་རྣམས་ནི་རང་ཉིད་ལ་ཕན་པའི་གཏམ་སྨྲས་ན་ཁོང་ནས་ཁྲོ་བར་བྱེདལ། བདག་ཀྱང་ཐབས་སྣ་ཚོགས་ཀྱིས་རང་གཞན་དང་འདི་ཕྱི་ཀུན་ལ་ཕན་པའི་དོན་དགེ་བའི་བྱ་བ་ལས་ཟློག་པའི་ཐབས་ལ་བརྩོན་པར་བྱེད་པས་སོ།། དེར་མ་ཟད་ཁོ་ཚོའི་བག་མེད་ལ་སྦྱོར་བའི་ངག་དེ་ལ་མ་ཉན་ན་བདག་ལ་ཁྲོ་བ་སྐྱེ་ལ། ཁོང་ཁྲོ་དེའི་དབང་གིས་ཀྱང་དེ་དག་ངན་འགྲོར་འགྲོ་བའི་ཉེན་ཡོད་པས་སོ།། 

    ཡང་དེ་ཉིད་ལས། 

མཐོ་ལ་ཕྲག་དོག་མཉམ་དང་འགྲན།།

དམའ་ལ་ང་རྒྱལ་བསྟོད་ན་དྲེགས།།

མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ།།

ནམ་ཞིག་བྱིས་ལས་ཕན་པ་ཐོབ།།

ཅེས་གསུངས། དོན་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་རང་ལས་མཐོ་བ་ལ་ཕྲག་བྱེད། རང་དང་མཉམ་པ་ལ་འགྲན་རྩོད་བྱེད། རང་ལས་དམའ་བ་ལ་ང་རྒྱལ་བྱེད་པས་དེ་དག་དང་འགྲོགས་ན་བག་ཕེབས་པ་ཞིག་འོངས་དཀའ་ལ། བསྟོད་བསྔགས་བྱས་ན་ཁེངས་དྲེགས་སྐྱེས། སྐྱོན་ཐེར་འདོན་བྱེད་པ་སོགས་མི་སྙན་པ་བརྗོད་ན་ལྷག་པར་ཡང་ཁོང་ཁྲོ་སྐྱེ་བས། ནམ་ཞིག་བྱིས་པ་སོ་སོ་སྐྱེ་བོ་ལས་ཕན་པ་རྣལ་མ་ཞིག་འཐོབ་པར་འགྱུར་ཏེ་འཐོབ་དཀའོ་ཞེས་པའོ།།   བཛྲ་ཚུལ་ཁྲིམས་རྒྱ་མཚོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས།



༄༅།། རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ།       

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    ནང་བའི་ཚད་མ་རིག་པའི་ཁུངས་ལྟ་བུའི་བསྟན་བཅོས་ཆེས་གཙོ་བོ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ཡིན་ལ། དེའི་འགྲེལ་བ་ཆེས་གཙོ་བོ་ནི་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་ཡིན། ཚད་མ་སྡེ་བདུན་ནི། རྣམ་འགྲེལ། རྣམ་ངེས། རིགས་ཐིག་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིག་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིག་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་དང་བརྒྱད་ལ་ཟེར་རོ།།

    དེའི་ནང་ནས་ཚད་མ་རྣམ་འགྲེལ་ནི་ཆེས་གཙོ་བོ་ཡིན་ལ། དེའི་བརྗོད་བྱའི་གཙོ་བོ་ནི། སྟོན་པ་དང་དེའི་བསྟན་པ་སྐྱོན་མེད་པར་བསྒྲུབ་པའི་ཚུལ་དེ་ཉིད་དོ།། དེ་ཉིད་བསྒྲུབ་པ་ལ་དེའི་ལེའུ་གཉིས་པ་ཚད་མ་གྲུབ་པའི་ལེའུ་དང་། དེ་ཡང་གཏན་ཚིགས་ཡང་དག་གི་སྒོ་ནས་བསྒྲུབ་དགོས་པས། དེ་གཏན་ལ་འབེབའ་པ་ལ་དེའི་ལེའུ་དང་བོ་རང་དོན་ལེའུ་དང་། གཏན་ཚིགས་སྐྱོན་མེད་དུ་འགྱུར་བ་ཡང་ཚུལ་གསུམ་མཐར་མངོན་སུམ་གྱིས་གྲུབ་པ་ལ་རག་ལས་པས། དེའི་ཕྱིར་མངོན་སུམ་གྱི་ཚད་མ་གཙོ་བོར་གཏན་ལ་འབེབས་པ་ལ་ལེའུ་གསུམ་པ་མངོན་སུམ་ལེའུ་དང་། རང་གིས་ངེས་པ་དེ་གཞན་ལ་སྟོན་པའི་ཐབས་གཏན་ལ་འབེབས་པ་ལ་དེའི་ལེའུ་བཞི་བ་གཞན་དོན་ལེའུ་གསུངས་པ་ཡིན་པས། འདི་དག་གསལ་བོ་ཞིག་ངོས་ཟིན་ན་རྣམ་འགྲེལ་ཐར་བ་དོན་གཉེར་ལ་མཁོ་མི་མཁོ་ཡང་གསལ་བར་ཤེས་པར་འགྱུར་རོ།།



༄༅།། རྩོད་པ་བྱེད་པའི་དམིགས་ཡུལ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོས། 

དགེ་སློང་དག་གམ་མཁས་རྣམས་ཀྱིས།།

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།

ལེགས་པར་བརྟག་ལ་ང་ཡི་བཀའ།།

བླང་བར་བྱ་ཡི་གུས་ཕྱིར་མིན།།

ཞེས་གསུངས། 

    འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན། སྨྲ་བ་བོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་ཞེས་གསུངས།

    ཀུན་མཁྱེན་འཇིགས་མེད་དབང་བོས། 

རིགས་པས་བརྡར་ཤ་མ་བཅད་གཞུང་དོན་ལ།།

ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང་།།

བརྒལ་ཞིང་བརྟག་ཚེ་བྱེ་མའི་འཆིང་བུ་ལྟར།།

འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབ།།

ཅེས་གསུངས།      

    ཚད་ལྡན་གྱི་རྩོད་པ་བྱེད་པ་ནི་རང་གི་རྩོད་ཟླ་དེ་ཕམ་ཨེ་ཐུབ་ལྟ་བའི་ཆེད་དུ་ནི་མ་ཡིན་གྱི། ཆོས་རྣམས་ཀྱི་གནས་ལུགས་ཡང་དག་པ་དེ་རང་གིས་ཇི་ལྟ་བ་བཞིན་ཤེས་ཤིང་། ཤེས་པ་བཞིན་གཞན་ལ་ཡང་ཇི་ལྟ་བ་བཞིན་སྟོན་ནུས་པར་བྱེད་པའི་ཆེད་དུ་ཡིན་ནོ།།



༄༅།། གནས་ལུགས་ཟེར་བ་དེ་སུ་ཡིན་ཡིན་ལ་བཤད་རྐྱང་ཞིག་མ་རེད།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


༼༡༽

    ཆེས་བླུན་པོ་ཡང་ཡིན་ལ་ཆེས་དབུལ་བོ་ཡང་ཡིན་པའི་མི་ལ་དབུལ་ཕྱུག་གི་རྒྱུ་གང་དང་ཅི་ཡིན་ཚུལ་གྱི་གནས་ལུགས་བཤད་ན་ལེགས་པར་མི་ཉན་པར་མ་ཟད། ང་ལ་དགོས་པ་ནི་གནས་སྐབས་ཀྱི་ཟས་གོས་གནས་མལ་ཡིན་པ་ལས་རྒྱང་རིང་གི་གནས་ལུགས་ཟེར་བ་དེ་མ་རེད་ཟེར་བའི་ཉེན་ཆེ།

༼༢༽

    ཕྱིའི་རྒྱུ་འབྱོར་ཙམ་གྱི་ཆ་རྐྱེན་ཅུང་ཆེ་ལ་ནང་བསམ་བློའི་དཔྱད་སྟོབས་ཆེས་ཞན་པའི་ཕྱུག་པོའི་རིགས་སུ་གྱུར་བ་ལ་རྒྱུ་འབྱོར་མི་རྟག་པ་དེ་དགེ་ཕྱོགས་ལ་བཏང་ན་བཟང་ཚུལ་གྱི་གནས་ལུགས་བཤད་ན་ལེགས་པར་མི་ཉན་པར་མ་ཟད། ང་ལ་མཚོན་ན་རྒྱུ་ནོར་གསོག་བསྲུང་གི་ཐབས་དེ་གནས་ལུགས་ཡིན་པ་ལས་དེ་ལ་མི་ཕན་པའི་གནས་ལུགས་ཟེར་བ་ཞིག་དགོས་དོན་མེད་ཟེར་ཉེན་ཆེ།

༼༣༽

    ཕྱི་འདང་བརྒྱག་མི་ཤེས་ཤིང་སྙིང་ཤེད་དང་ལུས་སྟོབས་ཆེ་བས་དཔའ་བོ་བྱེད་རྒྱུར་དགའ་བའི་བཙན་པོའི་རིགས་སུ་གྱུར་བ་ལ་གཞན་ལ་ཐུབ་ཆོས་བྱེད་པ་མི་རིགས་ཚུལ་གྱི་གནས་ལུགས་བཤད་ན་ལེགས་པར་མི་ཉན་པར་མ་ཟད། ང་ལ་ཁུ་ཚུར་དང་མཚོན་ཆ་ལས་གནས་ལུགས་གཞན་དགོས་མེད་ཟེར་ཉེན་ཆེ།

༼༤༽

    ཐོབ་དང་གོ་ས་མཐོ་ལ་བསམ་བློ་དང་ཀུན་སྤྱོད་ཆེས་ཞན་པའི་དཔོན་པོའི་རིགས་སུ་གྱུར་པ་ལ་གནས་ལུགས་ཅི་ཞིག་བཤད་ནའང་ལེགས་པར་མི་ཉན་ཅིང་མི་ཕན་པར་མ་ཟད། ཚུར་ལ་དབང་ཆ་འབའ་ཞིག་བཀོལ་ནས་འཇིགས་བསྐུལ་བྱས་འོང་།

༼༥༽

    ཁོག་པ་དོག་ལ་ཕྲག་དོག་ཆེ་ཞིང་། མཁས་མིང་ཡོད་ཀྱང་ཤེས་རབ་ཞན་པའི་མཁས་རློམ་གྱི་རིགས་སུ་གྱུར་པ་ལའང་གནས་ལུགས་བཤད་ན་ལེགས་པར་མི་ཉན་ཅིང་མི་ཕན་པར་མ་ཟད། གནས་ལུགས་བཤད་ན་ཁྱོད་ལས་ང་མཁས་ཟེར་ཉེན་ཆེ།

     དེས་ན་གནས་ལུགས་ཟེར་བ་དེ་སུ་རུང་རུང་ལ་བཤད་ཆོག་ཅིག་གཏན་ནས་མ་རེད། བཤད་སའི་ཡུལ་དང་། བཤད་ཚད་ཀྱི་དུས་དང་། བཤད་སྐབས་ཀྱི་ཁོར་ཡུག་དང་། བཤད་མཁན་རང་ཉིད་ཀྱི་གནས་བབ་མང་བོ་ཞིག་ལ་བལྟས་ནས་བཤད་དགོས་པར་འདུག་སྙམ་མོ།།

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-08-06 ལྟ་ཀློག (3542)