༄༅།།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་ལ་སྤྲིངས་པ་སྙིང་གཏམ་སྙིང་གི་རླབས་ཕྲེང་།
རྨད་བྱུང་ཚོགས་གཉིས་གངས་ཀྱི་ལྷུན་པོའི་ལུས།།
བརྩེ་ཆེན་ཉི་མའི་འོད་ཀྱིས་རྟག་འཁྱུད་པས།།
མཐའ་ཀླས་འགྲོ་ལ་ཕན་པའི་མ་དྲོས་མཚོ།།
གདུལ་བྱའི་འཛིན་མར་བསྐྱིལ་བའི་ཐུབ་དབང་མཆོད།།
རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་པའི་དཔལ།།
དམར་སེར་འོད་དུ་འཚེར་བའི་ཡི་དམ་ལྷ།།
འཇམ་དཔལ་དབྱངས་དེར་གུས་པས་ཕྱག་བགྱིད་ན།།
གནས་དང་གནས་མིན་མཐོང་བའི་བློ་མིག་སྩོལ།།
མ་ལུས་རྒྱལ་བའི་བརྩེ་ཆེན་གངས་དཀར་གྱི།།
མདངས་སུ་ཤར་བའི་མགོན་པོ་སྤྱན་རས་གཟིགས།།
གཙུག་གིས་མཆོད་དོ་བདག་སྙིང་འགྲོ་ཀུན་ལ།།
མ་ཡིས་བུ་བཞིན་བརྩེ་བའི་དཔལ་དུ་སྒྲུབས།།
མ་རུང་གཏུམ་པོའི་གཏུམ་པོར་རློམ་རྣམས་ཀྱང་།།
གང་ཞིག་མཐོང་ཙམ་ཉིད་ནས་འཇིགས་པའི་སྙིང་།།
ལྐོག་མར་འབྱིན་མཛད་གསང་བའི་བདག་པོའི་བྱིན།།
དད་པས་སྒོམ་མོ་ནུས་པའི་གཏེར་དུ་སྒྱུར།།
སྐྱབས་གནས་ཀུན་འདུས་ཡོན་ཏན་ཀུན་གྱི་གཏེར།།
དྲིན་ཅན་བླ་མ་རྣམས་ལ་གུས་ཕྱག་འཚལ།།
སྡིག་སྒྲིབ་ཀུན་བྱང་བསོད་ནམས་སྟོབས་འཕེལ་ཞིང་།།
རྣམ་དག་ཆོས་ཀྱིས་བདག་རྒྱུད་བརླན་པར་ཤོག །
དེ་ལྟར་བསླུ་མེད་སྐྱབས་ཡུལ་མཆོག་རྣམས་ལ།།
དད་ཅིང་གུས་པས་མཆོད་ཅིང་ཕྱག་བགྱིས་པས།།
བདག་གི་སྙིང་གཏམ་སློབ་བུའི་ཚོགས་རྣམས་ལ།།
བཤད་པ་འདི་ཡང་ཕན་པའི་བདུད་རྩིར་མཛོད།།
རང་ལྟ་མཆོག་ཏུ་མི་འཛིན་གཟུ་བོར་གནས།།
ལེགས་ཉེས་བཤད་ན་གོ་བའི་བློ་དང་ལྡན།།
དོན་གཉེར་ཅན་གྱི་སློབ་བུའི་ཚོགས་རྣམས་ལ།།
བདག་གིས་སྙིང་གཏམ་ཚིག་གསུམ་བཤད་པར་བྱ།།
ཁྱེད་ཅག་གླིང་འདིའི་སློབ་མར་གྱུར་བ་དང་།།
བདག་ཀྱང་འདི་ནས་དགེ་མིང་བཟུང་བའི་རྒྱུ།།
སྔོན་གྱི་ལས་འཕྲོ་ཟབ་ཅིང་འདུན་མའི་ཕུགས།།
མཐུན་པ་ཉིད་ཕྱིར་འབྲེལ་བའང་འགྱུར་མེད་ཡིན།།
འདི་ནས་སློབ་མཐར་ཕྱིན་ཀྱང་རིག་པའི་གནས།།
སྦྱངས་པའི་ཕ་མཐར་སོན་པ་མ་ལགས་པས།།
མི་ཚེ་ཧྲིལ་བོ་ཤེས་རིག་སློབ་གཉེར་དང་།།
ནམ་ཡང་འབྲལ་བར་མ་བྱེད་སློབ་བུ་ཚོ།།
ཇི་ལྟར་གནམ་འཕང་གཅོད་འདོད་འདབ་ཆགས་ཀྱིས།།
ཐོག་མར་གཤོག་ཟུང་མཐོན་པོར་བསྒྲེང་བ་བཞིན།།
ཡར་ནས་ཡར་ལ་བསྐྱོད་པར་འདོད་རྣམས་ཀྱང་།།
སློབ་གཉེར་མ་འཇོག་ཡུན་དུ་བསྟེན་པར་འཚལ།།
མི་ཚེའི་ལྷན་སྐྱེས་ཆད་པ་མང་བོ་ཞིག །
བསླབ་ཅིང་ཐོས་པ་མང་བས་ཁ་གསབ་བྱེད།།
ཐོས་པ་མང་ཡང་ཉམས་མྱོང་མ་བསགས་ན།།
དོན་དུ་མི་འགྱུར་དེ་གཉིས་ཟུང་འབྲེལ་འཚལ།།
གང་ཐོས་དཔེ་ལ་བཞག་ན་རང་གི་དོན།།
འགྲུབ་པ་དཀའ་བས་དམ་པའི་དཔེ་ཆའི་བཅུད།།
བསྡུས་ནས་རང་གི་བསམ་བློ་འཛུགས་བསྐྲུན་ལ།།
འབད་ན་རང་གཞན་དོན་གཉིས་ལྷུན་གྲུབ་ཡིན།།
ཤེས་ཡོན་ཡོད་ཀྱང་མི་གཞི་མི་ལྡན་ན།།
ཤེས་པས་གཞན་ལ་འཚེ་ཞིང་རང་ལ་གནོད།།
ཤེས་རིག་རང་སྐྱོན་མུན་པ་སེལ་བྱེད་དུ།།
ཤེས་པར་གྱིས་ལ་མི་གཤིས་བསྲུང་བར་འཚལ།།
ཁྱེད་ཅག་སྐྱ་སེར་སུ་ཞིག་ཡིན་ཡང་རུང་།།
རང་ཉིད་ནམ་ཡང་རྐང་གཉིས་མི་ཡིན་པ།།
མ་བརྗེད་བྱ་བ་ཅི་ཞིག་བསྒྲུབ་ན་ཡང་།།
ཁྲེལ་དང་ངོ་ཚ་མ་འདོར་རྒྱན་དུ་ཟུངས།།
ཡུལ་དང་ས་ཕྱོགས་གང་དུ་སོང་ཡང་རུང་།།
ལས་དང་བྱ་བ་ཅི་ཞིག་བྱེད་ཀྱང་ཆོག །
རང་གི་ཚོད་ལས་བརྒལ་བའི་འུད་སྒྲོག་གིས།།
རང་ཉིད་ཕུང་ལ་མ་སྦྱོར་ཚུལ་མཐུན་མཛོད།།
ད་ལོའི་མཐར་ཕྱིན་སློབ་མ་ཁྱེད་ཅག་ལས།།
གྲྭ་བ་རྣམ་པས་ང་ལ་ལྷག་པར་གསོན།།
ཆོས་པ་ཆོས་ལ་འཇུག་ན་ཆོས་ཇི་བཞིན།།
གོ་རིམ་མ་ནོར་གཅེས་པས་སེམས་ལ་ཟུངས།།
རྒྱང་རིང་རི་རྩེའི་དར་ལྕོག་མཐོང་ན་ཡང་།།
རང་ཁྱིམ་སྒོ་ཁའི་མེ་དོང་མ་མཐོང་ན།།
རྒྱ་ཆེན་གཏམ་གྱིས་རྒྱང་རིང་བཤད་ན་ཡང་།།
ཉེ་སའི་དོང་དུ་སྡུག་བསྔལ་མྱོང་ཉེན་ཡོད།།
ཁ་ནས་ཁམས་གསུམ་རིགས་དྲུག་གླེང་ན་ཡང་།།
དོན་ལ་རང་སེམས་རང་གིས་མ་ཐུལ་ན།།
སྐུ་གསུམ་རྩོད་པས་གཏན་ལ་ཕབ་ན་ཡང་།།
རང་གི་སྐུ་དོན་འགྲུབ་པ་ཤིན་ཏུ་དཀའ།།
དེ་ཕྱིར་བསྟན་ལ་འཇུག་པའི་གོ་རིམ་དང་།།
ཐར་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ།།
ངོ་བོ་མ་ནོར་གོ་རིམ་མ་འཁྲུགས་ཤིང་།།
ཆད་ལྷག་མ་ཤོར་གཞུང་བཞིན་སློབ་པ་གཅེས།།
ད་དུང་གསོན་དང་དད་ལྡན་སློབ་བུ་ཚོར།།
ཁོ་བོས་འདི་ཕྱིར་ཕན་པའི་གཏམ་འགའ་གླེང་།།
གཞན་གྱིས་མཐོང་ངམ་མ་མཐོང་ན་ཡང་རུང་།།
ལས་འབྲས་རྟེན་འབྲེལ་རང་གི་སེམས་ནས་རྩིས།།
སྐྱིད་ན་སྐྱིད་འདི་དགེ་བའི་ལས་ལས་བྱུང་།།
རྣམ་དཀར་དགེ་བའི་ལས་ལ་ལྷག་པར་བརྩོན།།
སྡུག་ན་སྡུག་འདི་མི་དགེའི་ལས་ལས་བྱུང་།།
མི་དགེ་ལས་འདི་སྤང་ལ་ཅིས་ཀྱང་འབུངས།།
ལས་འདི་མ་བསགས་འདུག་ཚུལ་མེད་པ་ནི།།
རང་སེམས་ཉོན་མོངས་དབང་དུ་སོང་བས་ཡིན།།
ཉོན་མོངས་སྟོབས་ལ་རྒོལ་བར་མི་ནུས་པ།།
མ་རིག་དབང་གྱུར་དེ་ཕྱིར་མ་རིག་སྤོངས།།
རྩ་བ་མ་རིག་དབང་དུ་མི་གཏོང་ཞིང་།།
རང་དོན་ཡིད་བྱེད་རང་དང་རྒྱང་བསྲིངས་ཏེ།།
སེམས་བསྐྱེད་ཕྱིན་དྲུག་སྤྱོད་པས་དོན་གཉིས་མཆོག །
བསྒྲུབ་ན་ལྷ་དང་མི་ཡི་ཕྱག་བྱར་འགྱུར།།
འདི་ནས་སོང་ཚེ་འདི་བཞིན་འགྲིག་ལམ་དང་།།
ཀུན་སྤྱོད་བཟང་ངན་འདེད་མཁན་མེད་ན་ཡང་།།
ཁྲེལ་དང་ངོ་ཚ་སེམས་ནས་མི་འདོར་བར།།
འདི་ན་ཡོད་པ་ཇི་བཞིན་རང་ཉིད་སྲུངས།།
ཀུན་སྤྱོད་ལས་འབྲས་གཞན་ཕན་ལྷག་བསམ་སོགས།།
འུད་ཀྱིས་མ་བསྒྲགས་རང་གི་སྒོ་གསུམ་འདི།།
ཚུལ་དང་མཐུན་པར་བསྲུང་ན་ཡ་རབས་སྤྱོད།།
མིང་དོན་མཐུན་པས་མ་རབས་གཅེར་བུར་ཕྱུང་།།
ཡ་རབས་མ་རབས་ཁྱད་པར་སྒྲུབ་པས་ཕྱེ།།
བཤད་པ་ཁོ་ནས་ཁོ་ཐག་མི་ཆོད་དོ།།
གང་ཞིག་སྒྲུབ་ཉམས་བཤད་ལ་དགའ་བ་རྣམས།།
དམ་པར་མི་འགྱུར་བསྒྲུབ་ལ་རེམས་པར་འཚལ།།
ད་དུང་གསོན་དང་སྐྱ་སེར་སློབ་བུ་ཀུན།།
ཕ་སྐད་ཕ་སྲོལ་མ་བརྗེད་རྟག་ཏུ་སྲུངས།།
ཐོན་མིའི་སློབ་གསོ་མ་བརྗེད་མི་གཞིས་སྲུངས།།
མདོར་ན་ཁྲེལ་དང་ངོ་ཚ་སེམས་ཀྱིས་སྲུངས།།
མཆོག་གསུམ་གཙུག་ཏུ་བཀུར་དང་གཏན་སྐྱབས་ཡིན།།
ལས་འབྲས་སྙིང་ནས་རྩིས་དང་བསླུ་མེད་ཡིན།།
འཇོན་ཐང་ཁྲེལ་གྱིས་སྲུང་དང་ཕོ་རབ་ཡིན།།
ནང་མིར་མཐུན་སྒྲིལ་བྱོས་དང་སྟོབས་ཤུགས་ཡིན།།
ཁྱེད་ཅག་སློབ་གླིང་འདི་ནས་གྱེས་ཁ་འདིར།།
རང་ཅག་དགེ་སློབ་ལྷན་དུ་འཛོམས་པའི་དབུས།།
སྙིང་གཏམ་སྙིང་ནས་གླེང་ན་འདོད་མོད་ཀྱང་།།
བདག་གི་འབྱུང་ལུས་བདེ་བས་ཞན་ཙམ་བྱུང་།།
དེ་ཕྱིར་ཁྱེད་ཅག་ནམ་ཡང་བདག་སེམས་ནས།།
བརྗེད་པ་མེད་ཅིང་ཤ་ཚ་མ་ལྷོད་པའི།།
མཚོན་པའི་རྟགས་སུ་སྙིང་གཏམ་རླབས་ཕྲེང་འདི།།
བཀྲ་ཤིས་གཡས་སུ་འཁྱིལ་ནས་འཕྲིན་དུ་སྤྲིངས།།
ཞེས་པ་འདི་ནི་སློབ་གླིང་གི་དགེ་མིང་འཛིན་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིར་འཛིན་གྲྭ་གཉིས་ཏེ།
ཤེས་རབ་ཉིན་བྱེད་འཛིན་གྲྭ་དང་། ཆོལ་གསུམ་བཙན་པོའི་རུ་དཔུང་གཉིས་ཀྱི་སློབ་མ་བརྒྱ་དང་ལྔ་བཅུ་ལྷག་སློབ་མཐར་ཕྱིན་པའི་མཛད་སྒོ་ལ་སྙིང་ཐག་པ་ནས་ཞུགས་ནས་སྙིང་གཏམ་ཅུང་ཟད་རེ་བྱས་ན་བསམ་མོད།
འོན་ཀྱང་ཉེ་ཆར་ལས་ཉོན་གྱིས་བསྐྱེད་པའི་འབྱུང་ལུས་འདིའི་འདུ་བ་ཅུང་མི་སྙོམས་པར་འདུག་པས་བཤད་འདོད་པའི་སྐད་ཆ་རྣམས་སྤྱི་ལོ་༢༠༢༡ལོའི་ཟླ་༧ཚེས་༥ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ནས་འཕྲིན་ཡིག་གི་རྣམ་པར་བྲིས་ནས་བསྐུར་བའོ།།
|