འགྲོགས་འདྲིས་ཀྱི་ལོ་ཟླ།

 འགྲོགས་འདྲིས་ཀྱི་ལོ་ཟླ།

       ཆོལ་གསུམ་ཚང་གི་སློབ་བུ་ཚོ་ཁྱེད་ཚོ་འགྲོ་རན་སོང་།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་དཔོན་རྣམ་པའི་གསུང་གི་བདུད་རྩི་ལས་ཤེས་རིག་གི་ནོར་བུ་བླངས་ཏེ་རྒྱལ་ཁའི་ངང་མཐར་ཕྱིན་སོང་། ཀྱག་ཀྱོག་གི་ལམ་འཕྲང་མང་བོ་བརྒྱུད་ནས་མཐར་ཕྱིན་སོང་། ལྷག་པར་དུ་ཤེས་རིག་ཡོན་ཏན་གྱིས་དབུལ་ཞིང་ཐབས་དང་བཀོལ་པས་སྟོང་བའི་མི་ང་ལྟ་བུའི་གཅར་རྡུང་དང་སྡིགས་མོ་ལས་མཐར་ཕྱིན་སོང་། ངས་ཁྱེད་ཚོར་རོགས་རམ་དང་སློབ་ཁྲིད་ལེགས་པོ་བྱས་པའི་རྒྱུ་མཚན་བཤད་རྒྱུ་མེད་མོད། གཅར་རྡུང་དང་སྡིགས་དམོད་བྱས་པ་རྨ་ཀླུང་རིང་མོའི་རྒྱུན་དང་འདྲེས་ཡོད། དེ་བས་ངས་ཁྱེད་ཚོར་རྟེན་འབྲེལ་དང་དགོངས་དག་དུས་གཅིག་ཏུ་ཞུ།

    ངས་ཁྱེད་ཚོའི་སློབ་སྦྱོང་དང་སྤྲོ་སྣང་ལ་བར་ཆད་བྱས་ཡོད་ངེས། འོན་ཀྱང་ང་ལ་མངོན་ལྐོག་མེད། མི་སེམས་འགུགས་པའི་བྲོ་གར་དེ་བས་ཀྱང་འཁྲབ་མི་ཤེས། སྤྱིར་ན་ང་ལྟ་བུ་ཞིག་བོད་མི་རིགས་ཀྱི་མ་འོངས་པའི་རེ་ལྟོས་བྱེད་སའི་གཞོན་སྐྱེས་མང་བོ་ཞིག་གི་དགེ་རྒན་བྱས་ནས་སྣེ་ཁྲིད་དང་ལམ་སྟོན་གྱི་ལས་ལ་ཞུགས་པ་འདི་ནི་ཆེས་གནོད་ཚབ་ཆེ་བ་ཞིག་སྟེ། ཚད་ལྡན་གྱི་གཞུང་ནས་གསུངས་པའི་མཚན་ཉིད་དང་ལྡན་པ་ཞིག་ཕར་ཞོག     མང་པོ་ཞིག་གིས་དགེ་རྒན་ནི་ཕ་མ་དང་འདྲ་བ་ཞིག་ཡིན་དགོས་ལ་ཕ་མ་བཞིན་དུ་གཉོར་སྐྱོང་བྱེད་ཀྱིན་ཡོད་ཚུལ་སོགས་དང་། ད་དུང་སློབ་མ་ནི་ཚོན་གྱིས་མ་གོས་པའི་ཤོག་དཀར་གཙང་མ་ཞིག་དང་འདྲ་བས།  དེའི་ཁ་དོག་ལེགས་པོ་ཡོང་མིན་ནི་དགེ་རྒན་ལ་རག་ལས་ཡོད་པར་བཤད་པ་ཐོས་དུས། ང་རང་ལ་ནམ་རྒྱུན་དངངས་སྐྲག་ཅིག་སྐྱེས་ཡོང་གིན་འདུག   རྒྱུ་མཚན་ནི་རང་བློ་རང་ལ་ལྐོག་གྱུར་མིན་པས་ང་ནི་ཕ་མ་དང་འདྲ་བ་ཞིག་ཕར་ཞོག བརྩེ་བ་ཙམ་ལས་གང་ཡང་མེད།

    ལྷག་པར་དུ་དྭངས་གཙང་གི་ཤོག་དཀར་དེའི་ངོས་སུ་ལྷད་མེད་ཀྱི་ཚོན་རྩི་བྱུག་པའི་འཇོན་ནུས་དེ་བས་ཀྱང་མེད། ང་ལྟ་བུ་ཞིག་དགེ་རྒན་དང་ལྷག་དོན་འཛིན་བདག་དགེ་རྒན་གྱི་ལས་ལ་ཞུགས་པ་ནི་ཆེས་གནོད་པ་ཆེ་བའི་གནས་ཤིག་སྟེ།

ཉམ་ངའི་གནས་སུ་ཤེས་བཞིན་དུ།།

འཇུག་པར་འདོད་པ་བླུན་པོ་འཁྲུལ།།

    ཞེས་པ་ལྟར་གནོད་པའི་ལས་ཤིག་བསྒྲུབས་ནས་རྒྱུན་བསྲིངས་པ་ནི་རང་གཞན་གཉིས་ཀར་གནོད་པའི་ལས་ཡིན། དེ་ནི་ངས་གཞན་ལ་ལེ་བདའ་དང་འཁང་ར་བྱས་པ་གཏན་ནས་མིན་ཏེ། སྐྱེས་སྟོབས་ཀྱི་ཤེས་རབ་དམན་ཞིང་སྦྱངས་སྟོབས་ཀྱི་ཡོན་ཏན་མེད་པ་དང་། སྔོན་གཞན་ལ་ཕན་པའི་དོན་སྒྲུབ་པའི་ལས་མ་བསགས་ཤིང་། གཞན་ལ་ཕན་པའི་དོན་སྒྲུབ་པའི་ཐབས་ལ་མི་མཁས་པ་སོགས་རང་གི་སྐྱོན་དུ་མཐོང་ངོ་།། 

    དེའི་ཕྱིར་ང་ལྟ་བུའི་ལས་དང་སྨོན་ལམ་མ་ཐེབས་པ་ཞིག་གིས་གཡག་སྣ་ཁུ་ཚུར་བྱེད་པ་ལས་ཕྱི་བཤོལ་བྱས་ན་བཟང་སྙམ།

    འོན་ཀྱང་སྤྱི་ལོ་༢༠༡༦ལོའི་ཟླ་༩.༩ཉིན་གྱི་དགོང་མོར་ང་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་ཁྱེད་ཚོ་དང་ཐོག་མར་ངོ་འཕྲད་པ་ནས་བཟུང་། ངས་ཁྱེད་ཚོར་མི་བདེ་བའི་རྐྱེན་ངན་བར་ཆད་ཅུང་ཟད་ཙམ་ཡང་མེད་པར་སློབ་གྲྭའི་སྒྲིག་ལམ་བསྲུངས་ཏེ། སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས་ནས་སློབ་མཐར་ཕྱིན་རྒྱུ་ནི་ངའི་ཐོག་མ་ནས་ད་ལྟའི་བར་གྱི་སེམས་ཁོང་གི་རེ་བ་ཉག་གཅིག་ཡིན། ཁྱེད་ཚོ་བདེ་ལེགས་ངང་སློབ་མཐར་ཕྱིན་རྒྱུར་ཁྱེད་ཚོ་ལས་ད་དུང་ང་བྲེལ་གྱིན་ཡོད་ཀྱང་སྲིད། དབྱར་གནང་དང་དགུན་གནང་། བར་སྐབས་ཀྱི་གནང་ཞུ་སོགས་མདོར་ན་ཁྱེད་ཚོ་ཕར་འགྲོ་ཚུར་ཡོང་གི་སྐབས་སུ་བདེ་འཇགས་ཀྱིས་ཐོན་རྒྱུ་དེའང་ངས་མཆོག་གསུམ་ལ་སྐྱབས་འཇུག་ཞུ་ས་གཙོ་བོ་ཡིན། ཡིན་ཡང་། ཐམས་ཅད་བསམ་པ་བཞིན་དུ་འགྲུབ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།  ལྷག་པར་དུ་གཟུགས་པོའི་ལོངས་པ་ལ་བསམ་པའི་མ་ལོངས་མཁན་ང་ལྟ་བུ་ཞིག་གིས་རང་མ་འདུལ་བར་གཞན་འདུལ་བའི་ལས་ལ་ཞུགས་པ་ནི་ཆེས་ཆེ་བའི་ཉེས་པ་ཞིག་གོ།

    འོན་ཀྱང་། ད་ལྟ་ཁྱེད་ཚོའི་བྱ་བ་གང་གི་ཐད་ནས་ཀྱང་ལེགས་གྲུབ་བྱུང་ནས་སློབ་མཐར་ཕྱིན་རྒྱུ་བྱུང་བ་འདི་ནི། རང་གི་ཕ་མ་སྤུན་མཆེད་རྣམས་དང་། ལྷག་པར་དུ་བཀའ་དྲིན་རི་རབ་ལས་དཔངས་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པའི་དགེ་རྒན་རྣམ་པའི་ཐུགས་རྗེ། ལས་བཟོ་བ་དང་ཕྱི་ནང་གི་སྒྲིག་འཛིན་པའི་དོ་དམ། རང་ཉིད་ཀྱི་སྙིང་སྟོབས་དང་། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བཟང་མངོན་དུ་གྱུར་བ་ཡིན།

      བཤད་འདོད་པའི་སྐད་ཆ་མང་བོ་ཞིག་སྔར་ཡང་བཤད་ཡོད་པས་བསྐྱར་ཟློས་མི་བྱེད། ད་དུང་ངས་སློབ་ཁྲིད་ལ་བསྔོ་སྨོན་བྱས་མེད་པར་མ་ཟད་མཇུག་མཐའི་སྐད་ཆ་ཡིན་ཞེས་ཀྱང་བཤད་མྱོང་མེད།   

      ང་ཚོ་ས་ཁ་ཐག་གིས་ཕྱེས་ཀྱང་སེམས་དང་བསམ་པའི་འོ་ཆུ་གཅིག་ཏུ་འདྲེས་ཡོད་པས་སྔར་བཞིན་བཤད་ཆོག    ངའི་སྙིང་ཉེ་བའི་སློབ་བུ་ཚོ།

       ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་སྟེ་ཆོལ་གསུམ་བཙན་པོའི་རུ་དཔུང་ཚང་གི་འཛིན་བདག་དགེ་རྒན་གྱི་མིང་ཙམ་འཛིན་པ་ཆུ་སྐྱེས་འོད་དཀར་དུ་འབོད་པས་སྤྱི་ལོ་༢༠༢༡ལོའི་ཟླ་༧ཚེས་༧ཉིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-07-08 ལྟ་ཀློག (4360)