ཆུ་ཀྱཱ་རྡོ་རྗེ་འཆང་གི་རྣམ་ཐར་གྱི་དཔེ་འཕྲིན།

༄༅། ། ཆུ་ཀྱཱ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཐུབ་བསྟན་ཉི་མ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གི་རྣམ་ཐར་གྱི་དཔེ་འཕྲིན།


རྣམ་ཐར་འདིའི་མཛད་པ་པོ་འདུལ་འཛིན་ཆེན་པོ་རྡོ་རམས་པ་༧རྗེ་བཀྲ་ཤིས་རྒྱལ་མཚན་མཆོག

   དེ་ཡང་ཇི་སྐད་དུ། རྗེ་བཙུན་ཙོང་ཁ་ཆེན་པོའི་ཞལ་སྔ་ནས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག །ཅེས་པ་བཞིན། ཡོངས་རྫོགས་བསྟན་པའི་མངའ་བདག་༸ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་རྨ་ཆུའི་བྱང་རྒྱུད་སོགས་སུ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་སྤེལ་གནང་ཆེད་ལོ་རྒྱུས་རྣམས་སུ་ཧང་ངེ་ཞེས་འབྱུང་བའི་ས་ཡི་སྙིང་བོ། མདོ་སྨད་རྫོང་བཞིའི་ཡང་རྩེ་བྲག་དཀར་སྤྲེལ་རྫོང་དུ་དཔལ་གྱི་ཆོས་སྡེ་ཆེན་པོ་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཞེས་བྱ་བ་འདི་ཉིད་སྤྱི་ལོ1923ལོར་ཕྱག་བཏབ་ཅིང་། ཟད་མ་མེད་པའི་བརྩེ་བ་དང་རྨད་དུ་བྱུང་བའི་ཐབས་འཕྲུལ་གྱིས་སྐྱོང་བར་མཛད་པས་དུས་ཡུན་ཐུང་ངུའི་ནང་དར་རྒྱས་ཆེན་པོ་བྱུང་སྟེ། བསྟན་འཛིན་གྱི་སྐྱེས་བུ་མང་བོ་སྐྱེད་བསྲིང་གནང་ཞིང་། བསྟན་པའི་ཉི་མ་གསལ་བར་མཛད་དེ། དུས་འགྱུར་གྱི་ཐོག་མའི་སྐབས་ཏེ་ང་བརྒྱད་ལོར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་སྐུ་ཞི་བར་གཤེགས། དེ་ནས་བཟུང་དགོན་སྡེ་འདི་ཉིད་མི་ལོ་ཉེར་གསུམ་ལྷག་ལ་ཕྱི་ནང་ཐམས་ཅད་དྲན་པའི་ཡུལ་ཙམ་དུ་བསྒྱུར་ཏོ། །སྤྱི་ལོ1981ལོར་ཁོང་༸ཨ་རོལ་རིན་པོ་ཆེའི་ཐུགས་སྲས་ཆེན་པོ་ཆུ་ཀྱཱ་རྡོ་རྗེ་འཆང་ཆེན་པོས་ཐུགས་འགན་གཙོ་བོར་བཞེས་ནས་དཀའ་བ་བརྒྱ་ཕྲག་སྤྱད་དེ་དགོན་པ་བསྐྱར་བཞེངས་དང་། ཆོས་རིག་འཆད་ཉན་སོགས་སླར་གསོ་གནང་བ་ཡིན་པས་ཨ་རོལ་ཡབ་སྲས་སློབ་བརྒྱུད་རྣམས་ནི་བསྟན་པ་སྤྱི་དང་། ཡང་སྒོས་སུ་བྲག་དཀར་སྤྲེལ་རྫོང་དགོན་ལྷ་སྡེ་མི་སྡེ་དང་བཅས་པར་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་ནོ།

རྗེ་བཙུན་ཨ་རོལ་རིན་པོ་ཆེའི་ནང་ཐུགས་ཀྱི་སྲས་གཅིག་པུ་ཆུ་ཀྱཱ་༸རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཐུབ་བསྟན་ཉི་མ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོའི་རྣམ་ཐར་འདི་ཉིད་ནི་རྡོ་རམས་པ་༸རྗེ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་རྩོམ་གནང་མཛད་ཅིང་། བཀྲ་ཤིས་རྟགས་བརྒྱད་ཀྱི་མིང་དོན་ལ་སྦྱར་ནས་སརྒ་བརྒྱད་ཀྱིས་གྲུབ་ལ། བརྗོད་དོན་ནི་ཆུ་ཀྱཱ་༸རྡོ་རྗེ་འཆང་ཆེན་པོའི་སྐུ་ཚེ་སྔ་མ་རྣམས་ཀྱི་ལོ་རྒྱུས་དང་། ཁོང་ཉིད་སྐུ་ན་གཞོན་དུས་ནས་ཨ་རོལ་རིན་པོ་ཆེ་མཆོག་གིས་ཇི་ལྟར་བསྐྱངས་ཚུལ། དུས་འགྱུར་མི་བཟད་པའི་འཐོར་རླུང་དྲག་པོའི་ཁྲོད་དུ་མི་ལོ་ཉེར་གཅིག་ལ་ཁྲི་མུན་དུ་བཞུགས་ཚེ་ཇི་ལྟར་རྒྱལ་སྲས་སེམས་དཔའ་ཆེན་པོའི་སྤྱོད་པ་ལ་གནས་ཚུལ། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་དགོན་པ་སླར་གསོ་དང་། འཆད་ཉན་སོགས་བསྟན་པའི་སྲོག་ཤིང་དུ་གྱུར་པའི་བྱ་བཞག་རྣམས་བསྐྱར་གསོ་དང་གསར་འཛུགས་གནང་ཚུལ། ལྷ་སྡེ་མི་སྡེ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩིས་བློ་མིག་གསལ་བར་མཛད་པ་སོགས་གཙོ་བོར་བཀོད་འདུག རྗོད་བྱེད་ནི་གསལ་ལ་དོན་འདུས་པ། སྙན་ལ་བརྗིད་ཆེ་བ། ཉམས་འགྱུར་འབུམ་གྱི་སྒྱུ་འཕྲུལ་རེ་རེས་ཀྱང་ཡིད་འཕྲོག་པ་ལ་ཚོད་མི་ཐིག་པ་ཙམ་དུ་ཡོད་དོ། །མདོར་ན། རྣམ་ཐར་འདི་ཉིད་ནི་དུས་འགྱུར་གྱི་གོད་ཆག་བློས་མི་འཁྱུད་པ་དེའི་སྔ་ཕྱི་བར་གསུམ་དངོས་སུ་བརྒྱུད་པའི་བོད་ཀྱི་བླ་མ་ཞིག་གི་གནས་ཚུལ་ཡིན་པ་ཙམ་དུ་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་དར་རྒུད་དང་། ཆོས་རིག་གི་འཕེལ་འགྲིབ། མི་རྣམས་ཀྱི་བསམ་པའི་འཆར་སྒོ་དང་། བདེ་སྡུག་གི་གཟུགས་བརྙན་ལ་ལྟ་བའི་མེ་ལོང་ཞིག་ཏུ་མཐོང་ལ། ལྷག་པར་བྲག་དཀར་སྤྲེལ་རྫོང་དང་། ཧང་ངེ་ཕྱོགས་ཀྱི་རི་ཆུ་ནགས་གསུམ། མི་ནོར་ཆོས་གསུམ་སོགས་ལ་རྒྱུས་ལོན་དང་། ཞིབ་འཇུག་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་ངེས་སོ། །

རྣམ་ཐར་འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཐེངས་གཉིས་ལ་པར་དུ་བསྐྲུན་པའི་རྒྱུ་ཚེགས་ཐམས་ཅད་བྲག་དཀར་སྤྲེལ་རྫོང་དགོན་ཆུ་ཀྱཱ་བླ་བྲང་གིས་ཕུད་ཅིང་། ལྷག་བསམ་ཟོལ་མེད་ཀྱིས་ཀློག་པ་པོ་རྣམས་ལ་ཕན་དུ་རེ་ནས་དཔེ་སྤྱིན་གནང་སྟེ། ད་ལྟ་པར་ཐེངས་གཉིས་པའི་རྣམ་ཐར་ཡང་ཚར་ལ་ཉེ། ཀློག་པ་པོ་རྣམས་ལ་སྟབས་བདེ་སྐྲུན་ཆེད། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀན་ལྷོ་དགེ་ཐོན་སློབ་ཆེན། ཤེས་རིག་ནོར་བུའི་སློབ་གླིང་བཅས་སུ་དཔེ་དེབ་བཅུ་ཙམ་རེ་བཞག་ཡོད་པས་ལྟ་ཀློག་བྱེད་འདོད་པ་རྣམས་ཀྱི་གནས་དེ་དག་ཏུ་གཡར་གཟིགས་གནང་ཆོག་པ་ཐུགས་འཛིན་ཞུའོ། །


གསར་འགོད་པ།  ཆོས་སྐྱོང་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-06-20 ལྟ་ཀློག (9258)