འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་ངོ་མཚར་རྨད་དུ་བྱུང་བ།

༄༅།། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་ངོ་མཚར་རྨད་དུ་བྱུང་བ།

 

    འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་ངོ་མཚར་བ་རྨད་དུ་བྱུང་བ། གཞན་ཕན་གྱི་བརྩེ་བ་ཆེན་པོས་ཉེ་བར་གཏམས་པ་འདི་དག་མཇལ་གྱིན་མཇལ་གྱི་སྙིང་ནས་དགའ་ཞིང་དད་པ་སྐྱེས་ལ། རང་ཅག་ཆོས་སྒྲུབ་པར་ཁས་འཆེ་བ་དག་གིས་ངེས་པར་ཤེས་དགོས་པ་ཤ་སྟག་ཏུ་འདུག་པར་མཐོང་ནས་ཅིས་ཀྱང་སྐལ་མཉམ་ཆོས་མཐུན་གྱི་གྲོགས་པོ་རྣམས་ལའང་བགོ་བཤའ་བྱེད་དགོས་སོ་སྙམ་ནས། འདི་ལྟར་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་བར་བགྱི་ལགས་ན། ཁྱེད་ཅག་རྣམས་ཀྱིས་ཀྱང་གཤམ་དུ་འགོད་རྒྱུའི་ལམ་རིམ་ཆེན་མོའི་ཚིག་འདི་དག་ལ་ཅིས་ཀྱང་གཟིགས་པར་འཚལ། བསམས་པར་འཚལ། ཉམས་སུ་བླང་བར་འཚལ་ལགས།

ལམ་རིམ་ཆེན་མོ་ལས།

    དེའི་ཕྱིར་སངས་མ་རྒྱས་ཀྱི་བར་དུ་སྤྱོད་པ་དེ་རྣམས་ལ་སློབ་མི་དགོས་པའི་སྐབས་མེད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་རྣམས་ལ་བསླབ་དགོས་ཤིང༌། དེ་ཡང་ད་ལྟ་སྙིང་ཐག་པ་ནས་འབད་ནས་བསྒྲུབས་ན་འགྲུབ་པ་རྣམས་འབད་པས་བསྒྲུབ། རེ་ཞིག་ལ་བྱར་མི་ནུས་པ་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་དེ་དག་ཉམས་སུ་ལེན་ནུས་པའི་རྒྱུར་ཚོགས་གསོག་སྒྲིབ་པ་སྦྱོང་སྨོན་ལམ་མང་དུ་བྱས་ན་རིང་པོར་མི་ཐོགས་པར་ཉམས་སུ་ལོངས་པར་འགྱུར་རོ།། དེ་ལྟར་མི་བྱེད་པར་རང་གིས་མི་ཤེས་པ་དང་མི་བྱེད་པའི་ཕྱོགས་བཟུང་ནས་དེ་དག་ལ་བསླབ་མི་དགོས་སོ་ཞེས་སྨྲ་ན་ནི། རང་ཡང་ཕུང་ལ་གཞན་ཡང་ཕུང་བར་བྱེད་ཅིང་བསྟན་པ་ནུབ་པའི་ཡང་རྐྱེན་དུ་འགྲོ་བས་མི་བྱ་སྟེ། ཞེས་གསུངས་སོ།།

    

ལམ་རིམ་ཆེན་མོ་ལས།   

    དེ་བཞིན་དུ་ཉོན་མོངས་པ་དང་མཚན་མར་འཛིན་པའི་འཆིང་བ་ལྷོད་དགོས་ལ་བསླབ་པའི་ཐག་པས་དམ་དུ་བསྡམ་དགོས་པ་དང་། ཁ་ན་མ་ཐོ་བ་གཉིས་ཞིག་དགོས་ལ་དགེ་བའི་བྱ་བ་རྣམས་མ་ཞིག་དགོས་པས། བསླབ་པས་བསྡམས་པ་དང་མཚན་འཛིན་གྱིས་བཅིངས་པ་གཉིས་མི་གཅིག་ཅིང༌།བསྲུང་སྡོམ་ལྷོད་པ་དང་བདག་ཏུ་འཛིན་པའི་འཆིང་བ་ལྷོད་པ་གཉིས་ཀྱང་མི་གཅིག་གོ། ཞེས་གསུངས་སོ།།

    

ལམ་རིམ་ཆེན་མོ་ལས།   

    ཐམས་ཅད་མཁྱེན་པ་ནི་རྒྱུ་དུ་མ་ལས་འགྲུབ་པ་ཡིན་གྱི། རེ་རེ་བས་མི་ཆོག་པས་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་སྐད་ཟེར་ནས་དལ་བའི་རྟེན་བཟང་པོ་ཐོབ་ནས་སྒོ་སྣ་ཚོགས་ནས་སྙིང་པོ་བླངས་པས་ཆོག་པ་ལ་ལམ་གྱི་ཆ་ཤས་རེ་རེ་ལས་གཞན་ལ་མི་སྦྱོང་བ་ནི་ཚོགས་གཉིས་ཀྱི་སྒོ་འགོག་བྱེད་ཀྱི་མི་དགེ་བའི་བཤེས་སུ་རིག་པར་བྱའོ།། ཞེས་གསུངས་སོ།།

    

འདི་ནི་ཕན་དུ་རེ་བའི་བསམ་པས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་དྲངས་ཏེ་སྐམ་མཉམ་ཆོས་མཐུན་རྣམས་ལ་གཟིགས་མོར་བཀྲམ་མོ།།

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-06-17 ལྟ་ཀློག (2791)