<9>བྱང་ཆུབ་ལམ་སྒྲོན་གྱི་ཆོས་ཀྱི་ཆེ་བ་ཅུང་ཙམ་བཤད་པ།

བཞི་བ། མཉམ་མེད་ཇོ་བོ་ཆེན་པོས་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པའི་ཕྱིར་བྱང་ཆུབ་ལམ་སྒྲོན་ཇི་ལྟར་མཛད་པའི་ཚུལ་ཅུང་ཙམ་བཤད་པ་ལ་གཉིས། 

དང་བོ་མཛད་པ་བོའི་ཆེ་བ་ཅུང་ཙམ་བཤད་པ་དང་། 

གཉིས་པ་དེས་མཛད་པའི་ཆོས་ཀྱི་ཆེ་བ་ཅུང་ཙམ་བཤད་པའོ།།

  གཉིས་པ། དེས་མཛད་པའི་ཆོས་ཀྱི་ཆེ་བ་ཅུང་ཙམ་བཤད་པ།

འདིར་དེས་མཛད་པའི་ཆོས་ཞེས་པ་ནི་མཉམ་མེད་ཇོ་བོ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་གོ་དགོས་པ་ཡིན་ཏེ། སྤྱིར་ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་ལམ་སྒྲོན་ཡིན་ལ། དེར་མ་ཟད་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པའི་ཆེད་དུ་རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མངའ་རིས་སྟོད་ཀྱི་རྒྱལ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་ལ་དྲི་བ་བདུན་ཞུས་པའི་ལན་དུ་གསུངས་པའང་འདི་ཡིན་པས་སོ།། འོ་ན་དེའི་ཆེ་བ་ནི་ཅི་ཞིག་ཡིན་སྙམ་ན། དེ་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་ལ་བརྗོད་ཀྱིས་མི་ལོངས་པ་ཞིག་ཡིན་མོད། འོན་ཀྱང་མདོར་དྲིལ་ནས་བཤད་ན། བསྟན་བཅོས་འདི་ནི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་རྣམས་སངས་རྒྱས་ཀྱི་སར་ཚུལ་ཇི་ལྟར་འཁྲིད་པའི་ཐབས་སྟོན་པའི་གདམས་ངག་ངོ་མཚར་བ་ཞིག་ཡིན་པས་ན། འདི་ཡང་དེའི་ཆེ་བར་བཞག་ཆོག་གོ། དེས་ན་འདིའི་བརྗོད་བྱ་ནི་བྱང་ཆུབ་ཀྱི་ལམ་ཡིན་ལ། བྱང་ཆུབ་ཀྱི་ལམ་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་སངས་རྒྱས་ཀྱི་ས་དེར་བགྲོད་པར་བྱེད་པའི་ལམ་ལ་བྱའོ།། ལམ་དེར་བདེ་བར་བགྲོད་པ་ལ་གེགས་བྱེད་པའི་རྨོངས་པའི་མུན་པ་ཤིན་ཏུ་འཐུག་པོ་ཡོད་ན་ནི་དེར་ཕྱིན་པར་མི་འགྱུར་བས་མུན་པ་དེ་བསལ་ཞིང་ལམ་དེ་སྣང་བར་བྱེད་པ་ཞིག་ཅིས་ཀྱང་དགོས་ལ། དེ་ཡང་དེ་ཉིད་ཀུན་ཏུ་སྣང་བར་བྱེད་པའི་སྒྲོན་མེ་ལྟ་བུ་ནི་མདོ་སྔགས་ཀྱི་གསུང་རབ་མཐའ་དག་འཚང་རྒྱ་བར་འདོད་པའི་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ནས་ཤིན་ཏུ་གསལ་བར་མཛད་པའི་བསྟན་བཅོས་འདི་ཡིན་པས་ན། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པའི་མཚན་ཙམ་གྱི་སྟེང་ནའང་གོ་རྒྱུ་ཡ་མཚན་པ་མང་བོ་ཡོད་དོ།། འོ་ན་ཇོ་བོ་ཆེན་པོས་བྱང་ཆུབ་ཏུ་བགྲོད་པའི་ལམ་དེ་གསལ་བར་མཛད་ནུས་སམ་ཞེ་ན། ཤིན་ཏུ་ནུས་པ་ཡིན་ཏེ། སྤྱིར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལ༌ཡང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། འདི་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང༌། དེ་དག་གི་དོན་ཉམས་སུ་ལེན་པའི་གནད་ཀྱི་གདམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་དང༌། ཡི་དམ་གྱི་ལྷའི་ཞལ་གཟིགས་ནས་གསུང་གི་གནང་བ་ཐོབ་པའོ།། འདི་དག་རེ་རེས་ཀྱང་གཞུང་རྩོམ་པར་ནུས་ན་གསུམ་ག་ཚང་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་བ་ནི་སྨོས་མ་དགོས་ལ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་སམ་མཉམ་མེད་ཇོ་བོ་ཆེན་པོ་འདི་ལ་ནི་གསུམ་ག་ཚང་བས་སོ།། ཤེས་བྱ་རིག་པའི་གནས་ལ་མཁས་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། བརྒྱུད་པ་བར་མ་ཆད་པའི་མན་ངག་དང་ལྡན་ཚུལ་ལ་ཐེག་པ་ཐུན་མོང་བ་དང་ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ལས། དང་བོ་ལ་ལྟ་བའི་བརྒྱུད་པ་དང་སྤྱོད་པའི་བརྒྱུད་པ་གཉིས། ཕྱི་མ་ལ་བྱམས་པ་ནས་བརྒྱུད་པ་དང་འཇམ་དབྱངས་ནས་བརྒྱུད་པ་སྟེ་བརྒྱུད་པ་གསུམ་མོ།།

གསང་སྔགས་ལ༌ཡང་བརྒྱུད་པ་ལུགས་ལྔ་དང༌། གཞན་ཡང་གྲུབ་མཐའི་བརྒྱུད་པ་དང་བྱིན་རླབས་ཀྱི་བརྒྱུད་པ་དང་གདམས་པ་སྣ་ཚོགས་པའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དུ་མ་དང་ལྡན་ཞིང་། དངོས་སུ་གསན་པའི་བླ་མ་ནི། ཁོང་གི་དངོས་སློབ་ནག་ཚོ་ལོ་ཙཱ་བས་མཛད་པའི་ཇོ་བོའི་བསྟོད་པ་ལས།

རྟག་ཏུ་བསྟེན་པའི་བླ་མ་ནི།།

ཤཱནྟི་པ་དང་གསེར་གླིང་པ།།

བྷ་དྲ་བོ་དྷི་ཛྙ་ན་ཤྲཱི།།

དངོས་གྲུབ་ཐོབ་པ་མང་བོ་དང༌།།

ཁྱད་པར་དུ་ནི་ཀླུ་སྒྲུབ་ནས།།

གཅིག༌ནས་གཅིག་ཏུ་བརྒྱུད་པ་ཡི།།

ཟབ་པ་དང་ནི་རྒྱ་ཆེ་བའི།།

གདམས་པ་ཁྱོད་ལ་མངའ་བ་ཡིན།།

ཞེས་གསུངས་པ་ལྟར་ཏེ། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་ཡོད་པར་གྲགས་ཤིང་གཞན་ཡང་མང་བོ་ཡོད་པར་གསུངས་སོ།།    

དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་རིམ་པ་བཞིན་བརྒྱུད་ནས་འོངས་པའི་གདམས་པ་རྣམ་པར་དག་པ་དང་ལྡན་པས་ཁུངས་བཙུན་པས་ན་འདི་ནི་སྐྱེ་དགུ་རྣམས་ཀྱི་འདོད་དོན་མ་ལུས་པ་བདེ་བླག་ཏུ་སྐོང་བར་བྱེད་པ་རིན་པོ་ཆེ་དབང་གི་རྒྱལ་བོ་ལྟ་བུ་དང་། ཐེག་པ་ཆེ་ཆུང་གི་གཞུང་ལུགས་བཟང་བོ་མ་ལུས་པའི་ལེགས་བཤད་ཀྱི་ཆུ་བོ་ཡོངས་སུ་འདུས་པའི་སྡོམ་ལྟ་བུ་ཡིན་པས་ན་རྒྱ་མཚོ་ལྟ་བུ་ཡིན་ལ། གཞན་ཡང་མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ཉམས་སུ་ལེན་བདེ་བ་དང༌། ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་རིགས་པའི་ཁུ་བྱུག་དང་། འཕགས་པ་ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་བ་སོགས་ཀྱི་གདམས་པས་བརྒྱན་པས་ན་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ།།དེར་མ་ཟད་ད་དུང་གདམས་ངག་འདི་ལ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ་དང་། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་དང་། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་སྟེ་ཆེ་བ་བཞི་དང་ལྡན་པས་ངོ་མཚར་བ་ལ་ངོ་མཚར་བར་འཛིན་ཤེས་དགོས་པས། གདམས་ངག་ཁྱད་པར་ཅན་འདི་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་བྱེད་དུ་ཡོད་པ་ནི་ཨེ་མ་ཧོ་བདག་ཇི་འདྲའི་སྐལ་བ་བཟང་བ་ལ་ཨང་སྙམ་པ་ཡིད་ལ་འཆར་དུ་འཇུག་རྒྱུ་གལ་ཆེའོ།།

ཆེ་བ་བཞི་དང་ལྡན་པའང་ཡིན་ཏེ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་མམ་ཐེག་པ་ཆེ་ཆུང་གི་གཞུང་ལུགས་སྣ་ཚོགས་པ་དང་། མདོ་སྔགས་ཀྱི་གཞུང་ལུགས་སྒྲས་ཟིན་མི་འདྲ་བ་རྣམས་ཚ་གྲང་ལྟར་འགལ་བར་བཟུང་ནས་འདུག་པ་ལ། གདམས་ངག་འདིས་རྒྱལ་བའི་གསུང་རབ་ཇི་སྙེད་པ་ཐམས་ཅད་ལས་ཁ་ཅིག་ནི་ལམ་གྱི་གཙོ་བོ་དང་། ཁ་ཅིག་ནི་ལམ་གྱི་ཡན་ལག་སྟོན་བྱེད་དུ་ཤེས་པར་བྱེད་པས། མདོ་སྔགས་ཀྱི་གནད་ཐམས་ཅད་དངོས་དང་བརྒྱུད་པ་ཅི་རིགས་པའི་སྒོ་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་ཅིང་གོ་བར་བྱེད་པས་ན། བསྟན་བཅོས་འདི་ལ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་ལྡན་ནོ།།ཡང་མདོ་སྔགས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་རྣམས་ནི་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་དང་བཤད་ཆོས་འབའ་ཞིག་ཏུ་འཛིན་ཅིང་། ཉམས་སུ་ལེན་རྒྱུའི་སྙིང་བོའི་ཡན་ལག་ནི་གཞུང་ཆེན་མོ་དེ་དག་ལས་གཞན་ན་ཡོད་དོ་སྙམ་དུ་རྒྱུད་ལོག་རྟོག་གིས་ལྷད་ནས་ཡོད་པ་ལ།བསྟན་བཅོས་འདིས་ནི་ལོག་པར་རྟོག་པའི་དྲི་མ་ངན་པ་དེ་དག་ལྷག་མ་མེད་པར་བསལ་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་མཐའ་དག་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་གྱི་ལམ་གྱི་རིམ་པར་བསྡུས་ནས་དེ་དག་ཐམས་ཅད་གདམས་ངག་གི་མཐིལ་དུ་སྟོན་ཅིང་བརྗོད་བྱའི་དོན་གྱི་ཆ་ལ་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་བྱེད། དཔྱད་ནས་བསྒོམ་དགོས་པ་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་ཅིང་ཤེས་པར་བྱེད་པས་ན། བསྟན་བཅོས་འདི་ལ་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ་དང་ལྡན་ནོ།།ཡང་དེ་ལྟར་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་ནི་གདམས་པའི་མཆོག་ཡིན་ཡང་བདག་ལྟ་བུའི་རྒྱ་ཆེན་པོའི་གསུང་རབ་ཀྱི་དོན་ལ་ཡོངས་སུ་མ་སྦྱངས་པའི་གང་ཟག་ལས་དང་བོ་བ་རྣམས་ཀྱིས་ནི་དམ་པའི་མན་ངག་ལ་མ་བརྟེན་པར་གཞུང་དེ་དག་ལ་ཐོས་བསམ་གྱི་སྒོ་ནས་ཞུགས་ཀྱང་དགོངས་པ་ཇི་ལྟ་བ་བཞིན་མི་རྙེད་ལ། རྙེད་དུ་ཆུག་ཀྱང་དུས་ཤིན་ཏུ་རིང་བ་དང་ཚེགས་ཤིན་ཏུ་ཆེ་བ་ལ་བལྟོས་སོ།།འོན་ཀྱང་བླ་མའི་མན་ངག་ལ་བརྟེན་ན་ནི་བདེ་བླག་ཏུ་རྟོགས་པར་འགྱུར་རོ།།དེས་ན་གདམས་པ་འདིས་ནི་བཀའ་དང་བསྟན་བཅོས་ཀྱི་གནད་ལ་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་བས་ན། བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་ལ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་དང་ལྡན་ནོ།།

གལ་ཏེ་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་གཞུང་སོགས་ཚ་གྲང་ལྟར་འགལ་བ་ཁོ་ནར་འཛིན་པ་དང་། བཤད་ཆོས་དང་སྒྲུབ་ཆོས་སོ་སོར་འཛིན་པ་དང་། རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལེགས་པར་མ་རྙེད་ན་ནི། དེ་དག་ལས་འགའ་ཞིག་འཚང་རྒྱ་བའི་ཐབས་སྟོན་པར་བཟུང་ནས་སློབ་དགོས་ལ། འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་འདོར་བྱར་བྱེད་པར་འགྱུར་བས་ཆོས་སྤོང་གི་ལས་ཆེན་པོ་གསོག་པར་འགྱུར་བ་དང་། ཆོས་སྤངས་ན་ནི་དེའི་ཉེས་པ་ཤིན་ཏུ་ལྕི་བའི་ཚུལ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས།

གང་གིས་འཛམ་བུའི་གླིང་འདིར་ནི།།

མཆོད་རྟེན་ཐམས་ཅད་བཤིག་བྱེད་པས།།

གང་གིས་མདོ་སྡེ་སྤོང་བྱེད་པའི།།

སྡིག་པ་དེ་ནི་ཆེས་ཁྱད་འཕགས།།

གང་གིས་གངྒཱའི་བྱེ་སྙེད་ཀྱི།།

དགྲ་བཅོམ་བསད་པར་གྱུར་བ་བས།།

གང་གིས་མདོ་སྡེ་སྤོང་བྱེད་པའི།།

སྡིག་པ་དེ་ནི་ཆེས་ཁྱད་འཕགས།།

ཞེས་གསུངས་པས་སོ།།སྤྱིར་ཆོས་སྤོང་འབྱུང་བ་ལ་སྒོ་མང་དུ་སྣང་ནའང་སྔར་བསྟན་པའི་སྒོ་འདི་ཆེ་ཤོས་སུ་སྣང་བས་འབད་པས་སྤང་བར་བྱའོ།།གལ་ཏེ་དེ་ལྟར་ངེས་པ་རྙེད་ན་ནི་སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་འཚང་རྒྱ་བའི་ཐབས་སྟོན་པར་གོ་བས། འགའ་ཞིག་དེའི་ཐབས་སྟོན་པར་བཟུང་ནས་སློབ་དགོས་པ་དང་། འགའ་ཞིག་དེའི་གེགས་སུ་བཟུང་ནས་དོར་བྱར་བྱེད་པའི་ཆོས་སྤོང་གི་ལས་ཀྱི་སྒོ་ཁེགས་པར་འགྱུར་བས། བསྟན་བཅོས་འདི་ལ་ཉེས་སྤྱོད་རང་འགགས་སུ་འགྲོ་བའི་ཆེ་བའང་ལྡན་པ་ཡིན་ནོ།།

འོ་ན་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་འདིས་གདུལ་བྱ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཁྲིད་ཚུལ་གྱི་གོ་རིམ་ཇི་ལྟར་ཡིན་སྙམ་ན། ཐོག་མར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་དང་། དེ་ནས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་དང་། སྐྱེས་བུ་ཆེན་པོའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་རྣམས་ངོ་བོ་མ་ནོར་བ། གྲངས་མ་ཆད་ཅིང་གོ་རིམ་མ་འཁྲུགས་པའི་སྒོ་ནས་ཇི་ལྟ་བ་བཞིན་སྟོན་པར་མཛད་དོ།།འོ་ན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་དོན་ཇི་ལྟར་འཇོག་སྙམ་ན། དེ་ཡང་འདིར་བཤད་པའི་སྐྱེས་བུ་ཞེས་པ་ནི་མི་ཡིན་ཚད་ཙམ་ལ་མི་བྱེད་པར་སྐྱེས་བུའི་སྐད་དོད་བུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་སྒྲུབ་ནུས་པ་ཞིག་ལ་བྱེད་དོ།།དེས་ན་ཚེ་འདིའི་འཚོ་ཐབས་ཙམ་གྱི་ཆེད་དུ་ཆོས་མིན་འབའ་ཞིག་སྒྲུབ་པ་རྣམས་དང་ཆོས་དང་ཆོས་མིན་གྱི་བྱ་བས་ཚེ་འདི་ཙམ་གཙོ་བོར་བྱེད་པའི་མི་རྣམས་ནི་འདིར་བཤད་པའི་སྐྱེས་བུ་ཞེས་པའི་ནང་དུ་མི་ཚུད་དོ།།དེས་ན་ཆོས་ཀྱི་བྱ་བས་ཕྱི་མའི་འཁོར་བདེ་ཙམ་དོན་དུ་གཉེར་བྱའི་གཙོ་བོར་བྱས་ནས་དེ་འཐོབ་པར་བྱ་བའི་ཆེད་དུ་ལས་འབྲས་ཀྱི་བླང་དོར་སྒྲུབ་པར་ནུས་པ་ཞིག་ལ་སྐྱེས་བུ་ཆུང་ངུ་ཟེར་རོ།།དེ་ཡང་འདི་ནི་སྐྲག་དགོས་པའི་ངན་སོང་གི་སྡུག་བསྔལ་ལ་སྐྲག་ཤེས་ཤིང་དེའི་རྒྱུ་ལ་འཛེམས་ནས་ཚེ་ཕྱི་མར་འཁོར་བའི་མངོན་མཐོ་འཐོབ་པའི་ཕྱིར་འབད་པ་བྱེད་མཁན་ཞིག་ཡིན་ནོ།།

ཡང་ཁམས་གསུམ་གྱི་འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་དེ་ལས་ཐར་བའི་ཆེད་དུ་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་སློབ་ནུས་པའི་སྐྱེས་བུ་རྣམས་ལ་སྐྱེས་བུ་འབྲིང་ཟེར་ཞིང་། འདིས་ནི་ངན་སོང་གསུམ་མ་ཟད་བདེ་འགྲོ་ལྷ་མིའི་ཕུན་ཚོགས་ཀྱང་མི་རྟག་ཅིང་མི་བརྟན་ལ་སྡུག་བསྔལ་གསུམ་ཅི་རིགས་ཀྱིས་ཡོངས་སུ་ཟིན་ནས་ཡོད་པའི་ཚུལ་སྙིང་ནས་ཤེས་ཏེ་འཁོར་བ་སྤྱི་དང་བྱེ་བྲག་ལས་ཐར་བའི་ཐར་བ་དོན་དུ་གཉེར་བར་བྱེད་དོ།།ཡང་སྲིད་པའི་སྐྱོན་མཐོང་བར་མ་ཟད། ཞི་བ་སྟེ་དམན་པའི་ཐར་བ་ལའང་སྐྱོན་ཡོད་པར་མཐོང་ནས་ཐེག་དམན་གྱི་དགྲ་བཅོམ་ཐོབ་པ་དང་དེའི་གོ་འཕང་ལ་བཀོད་པ་ལྟ་བུས་ཡིད་མི་ཚིམ་པར་སེམས་ཅན་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བཞེད་ཅིང་འགོད་པའི་ཁུར་རང་གིས་དངོས་སུ་འཁྱེར་ནུས་པའི་སྐྱེས་བུའི་རིགས་ལ་སྐྱེས་བུ་ཆེན་པོ་ཞེས་བྱའོ།།འདིས་ནི་འཁོར་བ་མ་ཟད་དམན་པའི་མྱང་འདས་ལའང་ཤེས་སྒྲིབ་མ་སྤངས་པ་སོགས་ཀྱི་སྐྱོན་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་རྣམས་ཡོངས་སུ་མ་རྫོགས་པར་ཤེས་ནས་སེམས་ཅན་གཞན་གྱི་དོན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་དོན་དུ་གཉེར་བར་བྱེད་དོ།།

དེ་ཡང་ཚེ་འདི་དོན་དུ་གཉེར་བའི་བློ་སྣ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། མི་ལུས་ཐོབ་པ་རིང་དུ་མི་སྡོད་པའི་མི་རྟག་པ་རྗེས་སུ་དྲན་པ་གལ་ཆེ་ཞིང་དེ་མེད་ན་ཚེ་འདི་ལས་བློ་ལོག་པ་ཞིག་འོང་ཐབས་མེད་ལ། དེ་མེད་ན་ཅི་བྱས་ཚེ་འདིའི་ཆེད་དུ་འགྲོ་བས་ཆོས་པ་རྣལ་མའི་གྲལ་དུ་མི་ཚུད། དེའི་ཕྱིར་ཐོག་མར་མི་རྟག་པའི་ཆོས་སྐོར་གལ་ཆེ་བར་གཟིགས་ནས་དེ་དང་བོར་བསྟན་ཡོད། གལ་ཏེ་ཚེ་འདི་མི་རྟག་པ་ཡིན་པར་ཤེས་ཀྱང་ཕྱི་མར་ངན་སོང་དུ་གཏོང་བའི་ཚུལ་ལ་སྐྲག་མི་ཤེས་ན་ནི་ངན་སོང་དུ་གཏོང་བྱེད་ཀྱི་རྒྱུ་མི་དགེ་བ་ལ་མི་འཛེམས་པས། ཤི་ནས་ངན་འགྲོར་འཁྱམ་ཚུལ་དང་ངན་འགྲོའི་སྡུག་བསྔལ་མི་བཟོད་ཚུལ་རྣམས་བསྒོམ་པ་ལ་འབད་དགོས་པར་གསུངས་ཡོད། དེ་ལ་འཇིགས་པ་དྲན་པའི་བློ་རྣལ་མ་ཞིག་སྐྱེས་ན་སྐྱབས་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་པ་བསྐྱེད་ནུས་ལ་སྐྱབས་འགྲོ་ཐུན་མོང་བའི་སྡོམ་པ་ལ་གནས་ཤིང་དེའི་བསླབ་བྱ་ལའང་སློབ་ནུས་པས་སྐྱབས་འགྲོ་བསྟན་ཡོད། དེ་ནས་དཀར་ཆོས་ཐམས་ཅད་ཀྱི་གཞི་ཆེན་པོ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད་ལ་བརྟན་པར་བྱས་ཏེ། དགེ་མི་དགེ་བཅུའི་འཇུག་ལྡོག་ལ་འབད་ཅིང་སྟོབས་བཞིའི་ལམ་ལ་རྒྱུན་དུ་ཞུགས་པ་ཞིག་མ་བྱས་ན་འཁོར་བ་ལས་མི་གྲོལ་བས་དེ་ལ་འབད་པ་བྱ་དགོས་ཤིང་། ཚུལ་དེ་ལྟར་བསམས་ན་བྱེད་ནུས་པར་ཡང་འགྱུར་རོ།།

དེ་ལྟར་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མང་དུ་བསམ་དགོས་ཏེ། གལ་ཏེ་ཚངས་པ་དང་བརྒྱ་བྱིན་གྱི་གོ་འཕང་ལའང་ཞེན་པ་ལོག་པ་ཞིག་མེད་ན་ཐར་བ་མི་འཐོབ་པས་འཁོར་བ་སྤྱི་ལས་བློ་ཅི་ལྡོག་བྱ་དགོས་པས་སོ།།དེ་ནས་འཁོར་བ་གང་ལས་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པའི་ངོ་བོ་ངོས་བཟུང་ནས་དེ་སྤོང་འདོད་བཅོས་མ་མིན་པ་བསྐྱེད་དགོས་ལ། འཁོར་བ་ལས་གྲོལ་བའི་ལམ་བསླབ་པ་གསུམ་སྤྱི་ལ་ངེས་པ་དྲང་ཞིང་། ཁྱད་པར་དུ་རང་གིས་གང་ཁས་བླངས་པའི་སོ་སོར་ཐར་བ་ལ་འབད་དགོས་པར་ཤེས་དགོས་ལ་འབད་པར་ནུས་པ་ན་སྐྱེས་བུ་འབྲིང་གི་གྲས་སུ་ཚུད་པ་ཡིན་ནོ།།དེ་ལྟར་སྐྱེས་བུ་འབྲིང་གི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན། རང་ཉིད་སྲིད་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ་མར་གྱུར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་སོང་བ་ཡིད་ལ་བྱས་ཏེ། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་སྦྱང་ལ་འདི་ཅི་སྐྱེ་ལ་འབད་དགོས་ཏེ། དེ་མེད་ན་སྤྱོད་པ་ཕྱིན་དྲུག་དང་རིམ་གཉིས་སོགས་རྨང་མེད་པའི་ཐོག་བྱེད་པ་དང་འདྲ་བར་འགྱུར་ལ། གལ་ཏེ་བྱང་ཆུབ་ཀྱི་སེམས་རྣལ་མ་ཞིག་མ་བསྐྱེད་ན་ཐེག་པ་ཆེན་པོ་བའི་གྲས་སུ་ཡང་མི་ཚུད་པའི་ཕྱིར་རོ།།ཐེག་པ་ཆེན་པོའི་ལམ་དེ་ཡང་ཐབས་དང་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་ཏེ། ཐབས་ཁྱད་དུ་བསད་ནས་སྟོང་བ་ཉིད་གཅིག་བུ་བསྒོམས་པས་འཚང་མི་རྒྱ་བར་བཀའ་བསྩལ་བས། བསྒོམ་ཉམས་ཅན་དུ་འདོད་པ་རྣམས་ཀྱི་ཁེངས་པ་བསྙིལ། བསྟན་པའི་གཞི་མ་སོ་ཐར་གྱི་ཚུལ་ཁྲིམས་ཡིན་པས་རབ་ཏུ་བྱུང་བ་རྣམས་ཀྱིས་དབང་གོང་མ་གཉིས་དངོས་སུ་ལག་ལེན་བྱ་མི་རུང་བར་གསུངས་པས། རྒྱུད་ཀྱི་ཚིག་སྒྲ་ཇི་བཞིན་དུ་བཟུང་ནས་སྦྱོར་སྒྲོལ་གྱིས་དུས་འདའ་བ་རྣམས་ཡིད་ཁོང་དུ་ཆུད། ལས་འབྲས་ལ་རྩིས་སུ་མཛད་པས་པཎྚི་ཏ་ལས་འབྲས་པ་བྱ་བར་ཡང་གྲགས་པ་བྱུང་ངོ་།།

དེ་ཡང་འོག་མ་འོག་མ་བསྒོམས་ཀྱིན་གོང་མ་གོང་མ་ལ་འཐོབ་འདོད་ཆེར་འགྲོ་བ་དང་། གོང་མ་གོང་མ་མཉན་པ་ན་འོག་མ་འོག་མ་ལ་བསྒྲུབ་འདོད་ཇེ་ཆེ་ཇེ་ཆེར་འགྲོ་བ་ཞིག་བྱུང་ན་གནད་དུ་སོང་བ་ཡིན་གྱི། སྔ་མ་རྣམས་ཅི་ཡང་མེད་པར་སེམས་ཀྱི་གནས་ཆ་རེ་ཙམ་དང་ལྟ་བའི་གོ་བ་ཙམ་རེ་ལ་ནུས་པ་སྤྲུགས་ལོ་བྱས་ཀྱང་གནད་དུ་འགྲོ་བ་ཤིན་ཏུ་དཀའ་བས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཞིག་ལ་ངེས་པ་འདྲོངས་དགོས་པའི་གནད་ཐམས་ཅད་ཀྱང་བསྟན་བཅོས་འདིས་གསལ་བར་མཛད་པས་བསྟན་པ་ལ་དག་ཐེར་མཛད་ཅེས་པ་ཡང་འདི་ལས་ལྷག་པ་ཅི་ཞིག་ཡོད། དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། དེ་རྣམས་བསྒོམ་པའི་ཚེ་ཡང་རྟོག་པ་སྦྱང་བར་བྱས་ནས་བློ་རྣམས་ཆ་མཉམ་དགོས་ཏེ། འདི་ལྟར་ལམ་ལ་འཁྲིད་པའི་བཤེས་གཉེན་ལ་གུས་པ་ཆུང་བར་སྣང་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་འཆད་པས་བསྟེན་ཚུལ་ལ་འབད། དེ་བཞིན་དུ་བསྒྲུབ་པ་ལ་སྤྲོ་ཤུགས་ཆུངས་ན་དལ་འབྱོར་གྱི་སྐོར་དང་ཚེ་འདི་ལ་མངོན་ཞེན་ཆེ་བར་སོང་ན་མི་རྟག་པ་དང་ངན་འགྲོའི་ཉེས་དམིགས་བསྒོམ་པ་ལ་གཙོ་བོར་བྱ་དགོས། ཁས་བླངས་པའི་བཅས་པ་རྣམས་ལ་གཡེལ་བར་སྣང་ན་ལས་འབྲས་ལ་ངེས་པ་ཆུང་བ་ཡིན་སྙམ་དུ་བསམས་ལ། ལས་འབྲས་བསྒོམ་པ་ལ་གཙོ་བོར་བྱ། འཁོར་བ་མཐའ་དག་ལ་སྐྱོ་ཤས་ཆུངས་ན། ཐར་བ་དོན་གཉེར་གྱི་བློ་ཚིག་ཙམ་དུ་འགྲོ་བས་འཁོར་བའི་ཉེས་དམིགས་རྣམས་བསམ། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པའི་བློ་ཤུགས་དྲག་མི་སྣང་ན་ཐེག་ཆེན་གྱི་རྩ༌བ་ཆད་པས། སྨོན་སེམས་རྒྱུ་དང་བཅས་པ་ལ་མང་དུ་སྦྱང༌། རྒྱལ་སྲས་ཀྱི་སྡོམ་པ་བླངས་ནས་སྤྱོད་པ་ལ་སློབ་པ་ནའང་མཚན་མར་འཛིན་པའི་འཆིང་བ་ཤུགས་དྲག་པར་སྣང་ན། རིགས་ཤེས་ཀྱིས་མཚན་མར་འཛིན་པའི་བློས་བཟུང་བའི་དམིགས་གཏད་ཐམས་ཅད་བཤིག་ལ། ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་བློ་སྦྱང༌། སེམས་དགེ་བའི་དམིགས་པ་ལ་མི་སྡོད་པའི་རྣམ་གཡེང་གི་བྲན་དུ་གྱུར་བར་སྣང་ན་རྩེ་གཅིག་པའི་གནས་ཆ་ལ་གཙོ་བོར་སྐྱོང་བར་གོང་མ་རྣམས་གསུང་སྟེ། དེས་མཚོན་ནས་མ་བཤད་པ་རྣམས་ཀྱང་ཤེས་པར་བྱ་ལ། མདོར་ན་ཕྱོགས་རེ་བར་མ་སོང་བར་རྒྱུད་དགེ་བའི་ཕྱོགས་ཐམས་ཅད་ལ་བཀོལ་དུ་རུང་བ་ཞིག་དགོས་སོ།།ཞེས་གསུངས་པ་ནི་ལམ་སྒྲོན་ལས་བཤད་པའི་སྐྱེས་བུ་གསུམ་གྱི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་གྱི་དགོངས་པའི་མཐིལ་ཕྱུང་ནས་གསུངས་པ་ཡིན་ནོ།།

སྨྲས་པ།

འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན།།

སྙན་པའི་བ་དན་སྲིད་ཞིའི་རྩེར་བསྒྲེངས་ཀྱང་།།

བསིལ་ལྡན་བོད་ཡུལ་གདུལ་བྱའི་དཔུང་གཉེན་དུ།།

ཕེབས་ཤིང་བཞུགས་པའི་ཨ་ཏི་ཤ་ལ་འདུད།།

 

ཆེར་སྙིགས་ལྔ་བདོའི་མུན་ནག་འཐིབས་ན་ཡང་།།

ཞིང་འདིར་ད་དུང་ཁྱེད་ལ་དད་པ་མང་།།

དེ་ཕྱིར་བརྩེ་བའི་བུ་ལ་མ་བཞིན་དུ།།

ནམ་ཡང་མ་འདོར་ཐུགས་རྗེའི་ལྕགས་ཀྱུས་ཟུངས།།

 

སྐྱེ་རྒུའི་འདོད་དོན་ཡོངས་སྐོང་ཡིད་བཞིན་ནོར།།

གཞུང་བཟང་སྟོང་གི་བཅུད་འདུས་ལེགས་བཤད་གཏེར།།

ངོ་མཚར་རྨད་བྱུང་བྱང་ཆུབ་ལམ་རིམ་འདི།།

ཉན་བསམ་ལན་རེ་བྱེད་རྒྱུ་བྱུང་བའང་མཚར།།

 

ལྷག་པར་དེང་དུས་ཆགས་སྡང་གཡོ་སྒྱུ་ཡིས།།

རྨོངས་པ་ངོ་མཚར་བསྐྱེད་པའི་ལོག་བཤད་ལ།།

གདམས་པའི་མཆོག་ཏུ་འཛིན་པ་མང་མཐོང་བས།།

གསུང་འདིའི་ཟུར་རེ་གོ་ནའང་སྐྱབས་ཀྱི་ཕུལ།།

 

རྒྱལ་གསུང་ཇི་སྙེད་དངོས་བརྒྱུད་ཅི་རིགས་ཀྱིས།།

གང་ཟག་གཅིག་ཉིད་འཚང་རྒྱའི་ཆ་རྐྱེན་དུ།།

འདི་ཡིས་གོ་བར་བྱེད་པས་རྒྱལ་བསྟན་ཀུན།།

འགལ་མེད་རྟོགས་བྱེད་ཆེ་བ་འདི་ལ་ལྡན།།

 

ལུང་དེ་རྟོགས་པ་དེ་ཉིད་བསྐྱེད་པའི་ཐབས།།

ཉིད་དུ་མ་རྟོགས་བཤད་སྒྲུབ་འབྲེལ་མེད་དུ།།

འཛིན་ལ་གང་གསུང་ཉམས་ལེན་གདམས་པ་རུ།།

འཆར་བར་བྱེད་པའི་ཆེ་བའང་འདི་ལ་མངའ།།

 

ཟབ་རྒྱའི་གཞུང་ཆེན་གདམས་པའི་མཆོག་ཡིན་ཡང་།།

བློ་གྲོས་ཆུང་རྣམས་ཤེས་དཀའ་བསྟན་བཅོས་འདིས།།

རྒྱལ་བའི་དགོངས་པ་འབད་པ་ཆུང་ངུས་ཀྱང་།།

བདེ་བླག་རྙེད་པར་བྱེད་པས་ངོ་མཚར་ཆེ།།

 

རྒྱལ་བའི་གསུང་ལས་འགའ་ཞིག་བསླབ་བྱ་དང་།།

འགའ་ཞིག་དོར་བྱར་འཛིན་པ་ཆོས་སྤོང་ལས།།

འདི་ཡིས་ཁེགས་ཕྱིར་ཉེས་སྤྱོད་ཆེན་པོ་རྣམས།།

རང་འགགས་ཉིད་དུ་འགྲོ་བའི་ཆེ་བའང་ལྡན།།

 

ཇི་སྙེད་གསུང་རབ་ཀུན་གྱི་དགོངས་པའི་བཅུད།།

དམན་འབྲིང་མཆོག་གི་སྐྱེས་བུའི་ལམ་རིམ་དུ།།

བསྡུས་ནས་སྟོན་པའི་སྔོན་མེད་ལེགས་བཤད་འདིས།།

ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད།།

---  མུ་འགོད།  ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-09 ལྟ་ཀློག (3573)