<8>བྱང་ཆུབ་ལམ་སྒྲོན་མཛད་པ་བོའི་ཆེ་བ་ཅུང་ཙམ་བཤད་པ།

བཞི་བ། མཉམ་མེད་ཇོ་བོ་ཆེན་པོས་བོད་ཀྱི་བསྟན་པ་ལ་དག་ཐེར་མཛད་པའི་ཕྱིར་བྱང་ཆུབ་ལམ་སྒྲོན་ཇི་ལྟར་མཛད་པའི་ཚུལ་ཅུང་ཙམ་བཤད་པ་ལ་གཉིས། 

དང་བོ་མཛད་པ་བོའི་ཆེ་བ་ཅུང་ཙམ་བཤད་པ་དང་། 

གཉིས་པ་དེས་མཛད་པའི་ཆོས་ཀྱི་ཆེ་བ་ཅུང་ཙམ་བཤད་པའོ།།

  དང་བོ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་བོའི་ཆེ་བ་ཅུང་ཙམ་བཤད་པ་ལ་གསུམ། དང་བོ་རིགས་ཕུན་སུམ་ཚོགས་པར་སྐྱེས་པ་བཞེས་པའི་ཚུལ་དང་། གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་དང་། གསུམ་པ་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ།།

དང་བོ་བསྟན་བཅོས་འདི་མཛད་པ་བོ་ནི་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ། དེ་བོད་སྐད་དུ་བསྒྱུར་ན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་པ་དང་། མཚན་གཞན་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། ཨ་ཏི་ཤ་ཞེས་པའི་མཚན་འདི་བོད་མངའ་རིས་སྟོད་ཀྱི་རྒྱལ་བོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཆོ་ལོར་ཕུལ་བ་ནས་བཟུང་ཐོགས་པ་ལས་རྒྱ་གར་དུ་མ་གྲགས་པར་བཤད་པ་ཡང་ཡོད་ལ། རྒྱ་གར་ན་ཡང་དེ་ལྟར་འབོད་པར་བཤད་པ་སོགས་བཤད་ཚུལ་མི་མཐུན་པ་ཡོད་ཀྱང་དེ་དག་གང་འགྲིག་གང་བདེན་ནི་འདིར་མི་དཔྱད་དོ།། དེ་ཡང་མཉམ་མེད་ཇོ་བོ་ཆེན་པོ་འདི་ནི་རིགས་ཕུན་སུམ་ཚོགས་པ་སྟེ་རིགས་མཆོག་ཏུ་གྱུར་བ་ཞིག་ཏུ་སྐྱེ་བ་བཞེས་པ་ཡིན་ཏེ། རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་རྒྱལ་བོའི་སྐུ་སྲས་སུ་འཁྲུངས་པ་ཡིན་པས་སོ།། དེ་ཡང་ལ་ལས་བྷཾ་ག་ལ་ཞེས་པ་རྒྱལ་ཁབ་དེའི་སྤྱི་མིང་དང་། ཟ་ཧོར་ཞེས་པ་དེའི་ཡུལ་བྱེ་བྲག་པ་ཞིག་ཏུ་འདོད་པ་དང་། ཡང་ཟ་ཧོར་ཞེས་པ་སྤྱི་དང་བྷཾ་ག་ལ་བྱེ་བྲག་ཏུ་འདོད་པའི་བཤད་ཚུལ་གཉིས་བྱུང་ཡང་། བྷཾ་ག་ལ་ན་ཟ་ཧོར་ཡོད་པར་བཤད་པ་འགྲིག་པར་བཤད་དོ།། ཡུལ་དེ་ན་བི་ཀྲ་མ་པཱུ་ར་སྟེ་རྣམ་པར་རིམ་པ་ཞེས་བྱ་བའི་གྲོང་ཁྱེར་ཤིན་ཏུ་ཆེན་པོ་ཁྱིམ་མི་འབུམ་ཕྲག་དུ་མ་ཡོད་པ། དེའི་དབུས་སུ་རྒྱལ་བོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་རྒྱ་ཁྱོན་ཤིན་ཏུ་ཡངས་པ། ཁོ་ར་ཁོར་ཡུག་ཏུ་ཤིང་ལྗོན་པ་སྣ་ཚོགས་ཀྱི་འཕྲེང་བ་འཁྲིགས་པ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་སྣ་ཚོགས་ཀྱིས་ས་གཞི་ཁྱབ་པ། ར་བ་རིམ་པ་དུ་མ་དང་། འོབས་རིམ་པ་དུ་མས་བསྐོར་བ། ལོངས་སྤྱོད་མངའ་ཐང་འབྱོར་བ་ནི་ཤར་ཕྱོགས་སྟོང་འཁུན་ནམ་ཐང་གི་རྒྱལ་བོ་དང་འདྲ་བ་ཞིག་ཡོད་པ་དེ་ཁོང་གི་འཁྲུངས་ཡུལ་ཡིན་ལ། དེང་སྐབས་ཡུལ་དེའི་མིང་ལ་དྷ་ཥ་ཞེེས་བྱ་བར་གྲགས་སོ།། ཡུལ་དེའི་རྒྱལ་བོའི་མིང་ལ་དགེ་བའི་དཔལ་ཞེས་བྱ་ལ། བཙུན་མོའི་མིང་ལ་དཔལ་མོ་འོད་ཟེར་ཅན་ཞེས་བྱའོ།། ཡབ་ཡུམ་དེ་གཉིས་ལ་སྲས་ནི་གསུམ་ཡོད་པའི་ནང་གི་འབྲིང་བོ་ཟླ་བའི་སྙིང་བོ་ནི་མཉམ་མེད་ཇོ་བོ་ཆེན་པོ་འདི་ཉིད་ཡིན་ཞིང་། ཆུ་ཕོ་རྟའི་ལོ་ལ་འཁྲུངས་པར་བཤད་དོ།། འཁྲུངས་པའི་ཚེ་ན་ཡང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་ནམ་མཁའ་ནས་མེ་ཏོག་གི་ཆར་ཕབ་པ། མཁའ་དབྱིངས་ལ་འཇའ་ཚོན་རྣམ་པར་བཀྲ་བ། ལྷ་རྣམས་ཀྱིས་དགའ་བའི་གླུ་དབྱངས་དང་རོལ་མོའི་སྒྲ་བསྒྲགས་པ་མི་རྣམས་ཀྱིས་ཀྱང་ཐོས་ཐུབ་པ་ལ་སོགས་པ་ཡ་མཚན་ཞིང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་བོ་བྱུང་བར་བཤད་དོ།།

དེ་ཡང་ནང་སྤངས་རྟོགས་ཀྱིས་ཐུགས་རྒྱུད་རྣམ་པར་མཛེས་ཀྱང་། ཐུན་མོང་སྣང་ཚོད་ལ་སྐུའི་རྣམ་པ་ནི་དེ་ཙམ་མཛེས་པའི་ཚུལ་མ་བསྟན་པའི་དམ་པ་ཡང་ཡོད་མོད། འོན་ཀྱང་། རྒྱལ་སྲས་འདི་ནི་ཐུན་མོང་སྣང་ཚོད་ལའང་སྐུའི་རྣམ་པ་ཆེས་ངོ་མཚར་བ་ཞིག་སྟེ། འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞལ་གྱི་དཀྱིལ་འཁོར་དུང་ཟླ་ལྟར་ཤིན་ཏུ་དཀར་ཞིང་། དཔྲལ་བའི་དབྱེས་ཆེ་ལ་སྣའི་གཟེངས་མཐོ་བ། སྤྱན་དཀྱུས་རིང་ཞིང་མཆུ་སྒྲོས་བིམ་པ་ལྟར་དམར་བ་སོགས་སྐྱེས་བུ་དམ་པའི་རྟགས་མཚན་དང་ལྡན་པས་མཐོང་བ་ཙམ་གྱིས་ཉོན་མོངས་དང་སྡུག་བསྔལ་ཞི་བར་བྱེད་པ། མཇལ་ཙམ་ཉིད་ཀྱིས་ཀྱང་ཡིད་ལ་དགའ་བ་དང་བདེ་བ་སྐྱེ་ལ་དགེ་བའི་ས་བོན་བསྐྲུན་ནུས་པ་ཞིག་འདུག་པས། ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲས་དེ་ལ་ཟླ་བའི་སྙིང་བོ་ཞེས་མཚན་བཏགས་སོ།། དེ་ཡང་གཞོན་ནུ་ཉིད་ནས་ཡི་དམ་ལྷའི་ཞལ་མཐོང་ཞིང་གསུང་ཐོས་ལ་ཁྱིམ་གྱི་འདུ་འཛི་ལ་ཆགས་པ་མེད་པ་དང་ཆོས་ཀྱི་སྒྲ་དབྱངས་ཐོགས་མེད་དུ་བསྒྲགས་པ་ལ་སོགས་པས་མཚོན་སྐྱེ་བོ་ཕལ་བ་ལས་ཡོངས་སུ་འདས་ཤིང་དམ་པའི་རྟགས་མཚན་མངོན་པར་གསལ་བ་ཞིག་ཡིན་པར་བཤད་དོ།། སྤྱིར་རིགས་རུས་ཕུན་སུམ་ཚོགས་པ་ལས་གང་སྐྱེས་ཐམས་ཅད་གང་ཟག་ཕུན་སུམ་ཚོགས་པར་མ་ངེས་ན་ཡང་། མཉམ་མེད་ཇོ་བོ་འདི་ཉིད་རིགས་ཕུན་སུམ་ཚོགས་པ་ལས་འཁྲུངས་པའི་གང་ཟག་ཡ་མཚན་པ་ཞིག་ཡིན་ཚུལ་ཟུར་ཙམ་ནི་དེ་ལྟ་བུའོ།།

གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས། མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ་དང་། ཚུལ་བཞིན་བསྒྲུབ་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ལོ།། དང་བོ་མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ་ནི། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པའི་ཇོ་བོའི་བསྟོད་པ་ལས།

ལོ་ནི་ཉི་ཤུ་རྩ་གཅིག་ན།།

སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌།།

བཟོ་ཡི་གནས་ནི་ཐམས་ཅད་དང༌།།

ལེགས་པར་སྦྱར་བའི་སྐད་དང་ནི།།

ཚད་མ་ཀུན་ལ་མཁས་པ་ལགས།།

ཞེས་གསུངས་པ་ལྟར་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད་དང་། གླུ་དབྱངས་ཀྱི་ངེས་པ་བདུན་དང་། གར་གྱི་ཆ་བྱད་དགུ་སྟེ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། སྒྲ་ཚད་བཟོ་གསོ་སོགས་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱངས་པར་མ་ཟད་དེ་ལ་ཤིན་ཏུ་མཁས་ཤིང་། དེ་ཡང་སྐུ་ཚེ་ཧྲིལ་བོར་སྦྱངས་ནས་མཐར་མཁས་པར་གྱུར་བ་ལྟ་བུ་མ་ཡིན་པར། ཆེས་གཞོན་པ་དགུང་ལོ་ཉེར་གཅིག་ཙམ་ན་ཤིན་ཏུ་མཁས་པར་གྱུར་བ་ཡིན་པས་མཚར་ཤེས་ན་མཚར་རྒྱུ་ཡོད་དེ། ཉེར་གཅིག་ཚུན་ལ་ཕྱི་བ་དང་ནང་བའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་བ་ཡིན་པས་སོ།།ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ། རིགས་ཐིགས་ཚར་གཅིག་ལས་མ་གསན་པ་ཙམ་གྱི་སྐབས་ཤིགཉིད་ཀྱི་བླ་མ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་དེས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་ཞིག་དང་རྩོད་པ་གནང་བས་བླ་མ་དེ་ཉིད་རྒྱལ་དུ་ཉེ་བ་ན། དེ་ལ་ཀླད་པ་བསྙུང་རྒྱུ་ཞིག་ཡོད་པ་དེ་གློ་བུར་དུ་འཕར་ནས་འགྱེལ་བར་གྱུར་ཏོ།།དེ་ནས་ཇོ་བོ་ཉིད་ཤིན་ཏུ་གཞོན་ཡང་རང་གི་བླ་མའི་ཚབ་མཛད་ནས་ཕྱི་རོལ་བའི་པཎྚི་ཏ་དེ་དང་བརྩད་པས་ཕྱི་རོལ་བ་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ་ཞེས་གྲོ་ལུང་བ་ཆེན་པོ་གསུངས་སོ།།

དེ་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་སྟེ་སྒྲ་གཅན་འཛིན་སྦས་པ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་སྟེ་གསང་སྔགས་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་སྟེ་མཁའ་འགྲོ་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་བོ་མནལ་ལམ་དུ་བསྟན་ནས། རྒྱུད་འདི་དང་འདི་ཁྱོད་ཀྱིས་ཤེས་སམ་ཞེས་དྲིས་པ་ན། ཤེས་རྒྱུ་ཕར་ཟད། མཚན་ཙམ་ཡང་སྔར་མ་མཐོང་ཞིང་མ་ཐོས་པ་ཤ་སྟག་ཡིན་པ་དང་། ཡང་དེའི་ལོགས་ཤིག་ན་གླེགས་བམ་ཆུང་ཆུང་ཁ་ཤས་བཞུགས་པ་དེ་བསྟན་ནས་ཁྱོད་ཀྱིས་ཤེས་པ་ནི་འདི་ཙམ་མོ་ཞེས་གསུངས་པ་སོགས་ལ་བརྟེན་ནས་གསང་སྔགས་ལ་ང་ཤིན་ཏུ་མཁས་སོ་སྙམ་པའི་ཐུགས་རྒྱལ་དེ་བཅག་གོ།

དེ་ནས་ཇོ་བོས་ད་ནི་ནགས་ཁྲོད་དམ་དུར་ཁྲོད་དུ་བསྡད་ལ་གསང་སྔགས་ཀྱི་སྒོ་ནས་ཚེ་གཅིག་ལ་སངས་རྒྱས་འགྲུབ་པར་བྱའོ་སྙམ་དུ་དགོངས་པ་ན། ཉིད་ཀྱི་བླ་མ་རཱ་ཧུ་ལའམ་སྒྲ་གཅན་འཛིན་སྦས་པ་དེ་ཉིན་ལམ་མང་བོར་བགྲོད་དགོས་པའི་ཕ་རོལ་གྱི་ཡུལ་ཞིག་ན་བཞུགས་ཡོད་ཀྱང་། ཇོ་བོའི་ཐུགས་ལ་ཤར་ཚུལ་དེ་མཁྱེན་ནས་སྐད་ཅིག་ཙམ་ཡུན་ལ་ཇོ་བོའི་མདུན་དུ་བྱོན་ཏེ། ཁྱོད་ཀྱིས་རིག་པའི་གནས་ལྔ་ཤེས་པ་དེ་ཙམ་གྱིས་ནི་གར་ཡང་མི་ཕྱིན་པས། རབ་ཏུ་བྱུང་ལ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་གྱིས། བྱམས་སྙིང་རྗེ་འབའ་ཞིག་སྒོམས། འབྲས་བྲེ་ཕྱེད་སྦྱིན་པར་བཏང་བའི་མི་ཞིག་གིས་ཁྱོད་འབོད་པར་འདུག་པས་དེར་སོང་། དེ་ན་ཁྱོད་ཀྱི་གདུལ་བྱ་མང་བོ་ཡོད་གསུངས་པ་དང་། ཡང་ནུབ་གཅིག་རྨི་ལམ་དུ། དཔལ་ཧེ་རུ་ཀཿམདུན་གྱི་ནམ་མཁར་བྱོན་ནས། རིགས་ཀྱི་བུ། ཨ་ཝ་དྷཱུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་གྱི། རབ་ཏུ་བྱུང་ན་ཕྱིས་རབ་ཏུ་བྱུང་བའི་གདུལ་བྱ་མང་བོ་འོང་བར་འདུག་གོ་ཞེས་པ་ལྟ་བུས་མཚོན་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་བོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས་རབ་ཏུ་བྱུང་བ་ཡིན་ལ། དེ་ཡང་བསྟོད་པ་ལས།

ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ།།

ཡིན་པར་ཀུན་ལ་རབ་ཏུ་གྲགས།།

ཞེས་འབྱུང་བ་ལྟར། ཁོང་རབ་ཏུ་འབྱུང་བའི་མཁན་པོ་ཡང་ཡ་མཚན་པ་ཞིག་སྟེ། ཕལ་ཆེན་སྡེ་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་ལ། མཚན་ནི་ཤཱི་ལ་རཀྵི་ཏའམ་ཚུལ་ཁྲིམས་གོ་ཆ་ཞེས་བྱ་བ་དང་། རྟོགས་པ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་གོ།དེ་ཡང་ཐེག་ཆེན་སྦྱོར་ལམ་བཟོད་པ་བ་ཞིག་སྟེ། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ནི་སྦྱོར་ལམ་བཟོད་པ་ཐོབ་པའི་དོན་ཡིན་པས་སོ།།དེ་ཡང་བདག་མེད་པའི་དོན་ལ་བསྒོམས་བྱུང་གི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་བརྙེས་པ་ན་ཐེག་ཆེན་སྦྱོར་ལམ་དྲོད་དང་། བསྒོམས་བྱུང་གི་སྣང་བ་མཆེད་པ་སྟེ་གོང་ནས་གོང་དུ་འཕེལ་བའི་ཏིང་ངེ་འཛིན་ནི་སྦྱོར་ལམ་རྩེ་མོ་ཡིན་ལ། སྦྱོར་ལམ་བཟོད་པ་ནི་ཤེས་སྒྲིབ་གཟུང་རྟོག་གཉིས། འཛིན་རྟོག་གཉིས་ལས་སྔ་མ་ཉམས་སྨད་པས་གཟུང་ཡུལ་གྱི་གཉིས་སྣང་འགགས་ཤིང་། ཅིག་ཤོས་མ་འགག་པས། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཞེས་ཟེར་བ་ཡིན་པས་སོ།།ཆོས་མཆོག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་གཞན་གྱིས་བར་མ་ཆད་པར་དེ་མ་ཐག་ཏུ་འབྱུང་བའི་ཏིང་ངེ་འཛིན་ཡིན་པས་ན། དེ་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ནོ།།མཁན་པོ་དེ་ཉིད་ཀྱིས་ཁོང་རབ་ཏུ་བྱུང་བ་ན་མཚན་ལ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་པ་ཡིན་ནོ།།

དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་མཚན་ཉིད་ཀྱི་ཐེག་པའི་ནང་རིག་པའི་སྡེ་སྣོད་གོང་འོག་རྣམས་ལ་སྦྱངས་ཤིང༌། ཁྱད་པར་དུ་མངོན་པ་སྡེ་བདུན་སོགས་ཀྱི་དོན་ཐམས་ཅད་བསྡུས་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱད་བརྒྱ་ཡོད་པ་དེ་ལ་བླ་མ་དྷརྨ་རཀྵི་ཏ་སྟེ་ཆོས་ཀྱི་གོ་ཆའི་སྤྱན་སྔར་ཨོ་ཏན་ཏ་པཱུ་རི་སྟེ་འཕུར་བྱེད་ཀྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་གསན་ནོ།།དེ་ཡང་སྔོན་བྱུང་གི་ལོ་རྒྱུས་རྣམས་སུ་འདི་ལྟར་བཤད་དེ། སྔོན་མ་ག་དྷའི་ཕྱོགས་ཤིག་ན་མུ་སྟེགས་ཀྱི་རྣལ་འབྱོར་བ་ན་ར་དཱ་ཞེས་བྱ་བ་ཞིག་ཡོད་པ་དེས་རོ་ལངས་བསྒྲུབ་པར་འདོད་པ་ལ། གྲོགས་ཤིན་ཏུ་དཔའ་ཞིང་བརྟན་པ་ཞིག་དགོས་པས་དེར་ནང་བའི་དགེ་བསྙེན་ཞིག་ཡོད་པ་ལ་ཆ་རྐྱེན་དེ་ཚང་བར་མཐོང་ནས་གྲོགས་བཅོལ་ནས་བསྒྲུབས་པས་འགྲུབ་སྟེ། རོ་ལངས་ཀྱི་ལྕེ་རལ་གྲིར་གྱུར་བ་དེ་ནང་བའི་དགེ་བསྙེན་གྱིས་ཁྱེར་ཏེ་རི་རབ་ཀྱི་རྩེར་ཕྱིན་ནས་གླིང་བཞི་གླིང་ཕྲན་དང་བཅས་པ་ཡུད་ཀྱིས་བསྐོར་ནས། སླར་རལ་གྲི་མུ་སྟེགས་པ་དེ་ལ་གཏད་པས་ཁོ་ལྷ་ཡུལ་དུ་སོང་སྐད། དགེ་བསྙེན་གྱིས་རོ་ལངས་ཀྱི་ལུས་གསེར་དུ་གྱུར་བ་དེས་ཁོ་རང་གིས་དངོས་སུ་མཐོང་བའི་གླིང་བཞི་སོགས་ཀྱི་ཆགས་རིམ་དང་ཚུལ་མཐུན་པར་ཨོ་ཏན་ཏ་པཱུ་ར་སྟེ་འཕུར་བྱེད་ཀྱི་གྲོང་ཁྱེར་གྱི་གཙུག་ལག་ཁང་བཞེངས་ཏེ། དགེ་སློང་བརྒྱ་དང་། དགེ་བསྙེན་བརྒྱའི་འཚོ་བ་ལོ་མང་བོར་སྦྱར་བ་ཡིན་པར་བཤད་ལ། རོ་ལངས་ཀྱི་གསེར་དེ་ཡང་སྲེད་པ་ཚོད་མེད་མ་བྱས་པར་རུས་པ་ལ་ཐུག་ཏུ་མ་བཅུག་པར་ལེན་ཤེས་བྱས་ན། ཉིན་པར་བཅད་པའི་ཤུལ་ནུབ་མོར་ཁེངས་ནས་ཟད་མི་ཤེས་པར་འོང་བ་ཞིག་ཡིན་པར་བཤད་དོ།།བོད་ཀྱི་བསམ་ཡས་གཙུག་ཁང་ནི་ཨོ་ཏན་ཏ་པཱུ་རའི་གཙུག་ལག་ཁང་གི་བཀོད་པ་ལྟར་བཞེངས་པ་ཡིན་པར་གྲགས་སོ།།

ཇོ་བོ་ཆེན་པོ་འདི་ནི་གྲུབ་མཐའ་ཕྱོགས་རེ་བ་དང་གཞུང་འགའ་རེ་ཙམ་ལ་མཁས་པ་ལྟ་བུ་མ་ཡིན་པར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་དང་། ཕལ་ཆེན་པའི་སྡེ་བ་དང་། གནས་བརྟན་པའི་སྡེ་བ་དང་། མང་བོས་བཀུར་བའི་སྡེ་བ་སྟེ་རྩ་བའི་སྡེ་བཞིའི་གཞུང་ཐམས་ཅད་ལ་ཤིན་ཏུ་མཁས་པས་སྡེ་བ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ།།དེ་ལྟར་ན་རང་དང་གཞན་གྱི་སྡེ་བའི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ།།

གཉིས་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ནི། སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བས། རྟོགས་པའི་བསྟན་པའང་བསླབ་པ་རིན་པོ་ཆེ་གསུམ་དུ་འདུ་དགོས་སོ།།དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ལན་དུ་མར་བསྔགས་པས་ན། ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་རྟོགས་པའི་ཡོན་ཏན་དང་ལྡན་དགོས་ལ། ཇོ་བོ་ཉིད་ལ་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། དང་བོ་སོ་སོར་ཐར་བའི་སྡོམ་པ་མཆོག་དང་ལྡན་པའི་ཚུལ་ནི། ནག་ཚོས་མཛད་པའི་ཇོ་བོའི་བསྟོད་པ་ལས།

ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས།།

ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང༌།།

ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག།

གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ།།

ཞེས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང་བཞེས་པ་ཙམ་དུ་མ་ཟད། ཚུལ་བཞིན་དུ་བསྲུང་བ་ནི་དཔེར་ན་བསིལ་རིམ་དང་གངས་ཁྲོད་ན་གནས་པའི་གངས་གཡག་ཟེར་བ་ཞིག་ཡོད་པ་དེས་རང་གི་རྔ་རྩིད་ལ་གཅེས་སྤྲས་བྱེད་པ་ལྟ་བུའོ།།དེ་ཡང་གངས་གཡག་གིས་རང་གི་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པ་འོངས་ནས་སྲོག་དང་འཕྲལ་བར་མཐོང་ན༌ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་བསྲུང་བ་ལྟར། ཇོ་བོ་ཆེན་པོས་ཀྱང་ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ཕམ་པ་དང་ལྷག་མ་ལྟ་བུ་ལ་ཤིན་ཏུ་འཛེམས་པ་ལྟ་ཅི་སྨོས། ཐ་ན་བསླབ་པའི་གཞི་ཕྲ་མོ་ཉེས་བྱས་ལྟ་བུ་རེ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ་ཞེས་བསྟོད་པ་ནི་དོན་དངོས་ཡིན་གྱི། དེང་དུས་ཀྱི་ཆེར་རློམ་འགའ་ཞིག་ལ་སློབ་མ་ཕྱོགས་ལྷུང་ཅན་འགའ་ཞིག་གིས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་གཅམ་བསྟོད་བྱས་པ་ལྟ་བུ་ནི་གཏན་མ་ཡིན་ནོ།།

དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས།

ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས།།

ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང༌།།

བྱང་ཆུབ་ཐུགས་ཀྱིས་འགྲོ་རྣམས་མི་གཏོང་བ།།

བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ།།

ཞེས་གསུངས་པ་ལྟར། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཚུལ་རྗེ་བཙུན་བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དང་། རྗེ་བཙུན་འཇམ་པའི་དབྱངས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་སོགས་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་པ་མང་བོ་དང༌། ཁྱད་པར་དུ་མི་དང་མི་མིན་གྱི་འགལ་རྐྱེན་བར་ཆད་གང་གིས་ཀྱང་མ་ཁོག་པར་རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་ཙམ་བསྐྱོད་མཐར་གསེར་གླིང་དུ་ཕྱིན་ནས། ཡུལ་དེའི་དགེ་འདུན་རྒྱལ་བོ་སྟེ། བླ་མ་གསེར་གླིང་བ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་རྗེ་བཙུན་བྱམས་པ་དང་འཇམ་པའི་དབྱངས་ནས་ཐོགས་མེད་དང་ཞི་བ་ལྷ་ལ་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་ཤིང་། བསྟོད་པ་ལས།

རང་དོན་ཡལ་བར་དོར་ནས་གཞན་གྱི་དོན།།

ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས།།

ཞེས་འབྱུང་བ་ལྟར། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་ཤིང༌། སྨོན་པའི་སེམས་དེས་ཀུན་ཏུ་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེ་བ་ལ་སློབ་པར་ཁས་བླངས་པའི་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་བོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་ལས་མི་འདའ་བར་མཛད་དོ།།

ཡང་རྡོ་རྗེའི་ཐེག་པའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས།

ཁྱོད་ནི་རྡོ་རྗེའི་ཐེག་པའི་སྒོར་ཞུགས་ནས།།

རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན།།

རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ།།

སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ།།

ཞེས་གསུངས་པ་ལྟར། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་བའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང༌། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་བསྲུང་བའང༌། བསྟོད་པ་དེ་ཉིད་ལས།

དྲན་དང་ཤེས་བཞིན་ལྡན་པ་ཡིས།།

ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད།།

བག་ཡོད་དྲན་དང་གཡོ་སྒྱུ་མེད།།

ལྟུང་བའི་ཉེས་པས་ཁྱོད་མ་གོས།།

ཞེས་གསུངས་པ་ལྟར་རོ།།དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ་བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང༌། བརྒྱ་ལ་ཅུང་ཟད་འདས་ནའང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ༌གས་དག་པར་བྱེད་པའི་རྣམ་པར་ཐར་བ་འདི་ནི། གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་བསྐྱེད་པའི་རྣམ་པར་ཐར་བར་ཤེས་པར་བྱས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ།།ཞེས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་སུ་གསུངས་པ་ལྟར་རོ།།

ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས་ལས། ཐུན་མོང་བ་ནི། ཞི་གནས་ཀྱི་སྒོ་ནས་སེམས་ལས་སུ་རུང་བ་བརྙེས་ཤིང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་ནི། བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་མངའ་སྟེ། དེ་ཡང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅིང༌། དེའི་ཚེ་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་གསན་ནས་ཐུགས་ལ་བཟུང་བའང་ཡོད་དོ།།

ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་ཐུན་མོང་བ་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ལྷག་མཐོང་གི་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་མིན་པ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པ་སྟེ། བསྟོད་པ་ལས།

གསང་སྔགས་ཐེག་པའི་གཞུང་ལྟར་ན།།

སྦྱོར་བའི་ལམ་པ་ཡིན་པར་གསལ།།

ཞེས་གསུངས་པ་ལྟར་རོ་ཞེས་ལམ་རིམ་ཆེན་མོ་ལས་གསུངས་པ་ལྟར་དང་། གསང་སྔགས་ཀྱི་སྦྱོར་ལམ་པ་ནི་རྫོགས་རིམ་གྱི་རྟོགས་པ་དང་ལྡན་པ་ལ་བྱའོ།།

གསུམ་པ་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་ལོ།།དང་བོ་ནི། སྤྱིར་མཉམ་མེད་ཇོ་བོ་ཆེན་པོས་འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྒོ་ནས་རྒྱ་གར་དུ་ནང་བའི་བསྟན་པ་ལ་བྱ་བ་མཛད་པ་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོངས་པ་ཞིག་ཡིན་མོད། དེའི་ནང་ནས་དཔེ་མཚོན་ཙམ་ཞིག་བཤད་ན། དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་པའི་པཎྚི་ཏ་གདུགས་བཅུ་གསུམ་ཅན་ཞིག་དང་གདུགས་བརྒྱད་ཅན་ཞིག་དང་གདུགས་ལྔ་ཅན་རྣམས་ཀྱིས་བསྟན་པ་ལ་རྒྱན་བཙུགས་ནས་ཚུར་འགྲན་བསླངས་པ་ན། ཇོ་བོ་ཆེན་པོས་དེ་དག་དང་བརྩད་པས་རིགས་པ་དྲི་མ་མེད་པས་ཚེགས་མེད་པར་དེ་དག་ཕམ་པར་མ་ཟད། དེ་དང་དེའི་རྗེས་འབྲངས་ཕྱི་རོལ་བ་འཁོར་དང་བཅས་པ་ཐམས་ཅད་ནང་བའི་བསྟན་པ་ལ་བཅུག་པ་ལྟ་བུས་མཚོན་ནང་བའི་བསྟན་པ་ལ་རྒོལ་བ་མཐའ་དག་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། རང་གི་སྡེ་བ་གོང་འོག་གི་བསྟན་པ་ལ༌ཡང་དོན་ཇི་ལྟ་བ་བཞིན་དུ་མ་རྟོགས་པ་རྣམས་ལུང་རིགས་དྲི་མ་མེད་པའི་སྒོ་ནས་དོན་ཕྱིན་ཅི་མ་ལོག་པར་རྟོགས་སུ་བཅུག་པ་དང་། ལོག་པར་རྟོག་པ་རྣམས་ལུང་དང་རིགས་པས་ཚར་བཅད་ནས་ཡང་དག་པའི་ལམ་ལ་བཙུད་པ་དང་། ཐེ་ཚོམ་ཟ་བ་རྣམས་སྤང་བླང་གི་དམིགས་ལེགས་པར་ཕྱེས་ནས། ཆོས་དང་མཐུན་པ་རྣམས་ཉམས་ལེན་དང་སྦྱར། མི་མཐུན་པ་རྣམས་ལུང་རིགས་ཀྱིས་ཚར་བཅད་པ་ལྟ་བུས་མཚོན་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ངན་པ་མཐའ་དག་བསལ་ནས་བསྟན་པ་རྒྱས་པར་མཛད་པས། སྡེ་བ་ཐམས་ཅད་ཀྱིས་ཀྱང་ཕྱོགས་རིས་མེད་པར་གཙུག་གི་རྒྱན་དུ་འཛིན་ཏེ། བསྟོད་པ་ལས།

བྱང་ཆུབ་ཆེན་པོའི་ཕོ་བྲང་དུ།།

ཐམས་ཅད་འདུས་ཤིང་འཚོགས་པ་ན།།

རང་དང་གཞན་གྱི་སྡེ་བ་ཡི།།

གྲུབ་མཐའ་ངན་པའི་རྒོལ་བ་ཀུན།།

སེང་གེའི་ང་རོའི་སྒྲ་སྐད་ཀྱིས།།

ཐམས་ཅད་ཀྱི་ནི་ཀླད་པ་འགེམས།།

ཞེས་དང༌།

ཨོ་ཏན་ཏ་ཡི་པཱུ་རི་ན།།

རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ།།

བྲི་ཀ་མ་ལ་ཤཱི་ལ༌ན།།

རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ།།

རྩ་བའི་སྡེ་བཞི་ཚང་བར་བཞུགས།།

སྡེ་བའི་ཁེངས་དྲེགས་ཁྱོད་མི་མཛད།།

མ་ག་དྷ་ཡི་ཡུལ་གྱི་ནི།།

གནས་གཞི་མ་ལུས་ཐམས་ཅད་ཀྱི།།

སྟོན་པའི་འཁོར་ནི་བཞི་བོ་ཡི།།

ཀུན་གྱི་གཙུག་གི་ནོར་བུར་གྱུར།།

ཁྱོད་ནི་སྡེ་བ་བཅོ་བརྒྱད་ཀྱི།།

ཀུན་གྱི་སྤྱི་ལ་བཞུགས་པས་ན།།

ཐམས་ཅད་ཀྱིས་ནི་ལུང་ཡང་ལེན།།

ཞེས་འབྱུང་བ་ལྟར་རོ།།

བོད་དུ་མཛད་ཚུལ་ནི།ད་དུང་འཆད་པར་འགྱུར་ལ། མདོར་དྲིལ་ནས་བཤད་ན་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ལྷ་བླ་མ་ཁུ་དབོན་གྱིས་ལོ་ཙཱ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ་འབད་པ་ཆེན་པོས་ཡང་དང་ཡང་དུ་སྤྱན་འདྲེན་བཏང་བས། བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་འདྲོངས་ཏེ་མངའ་རིས་སྟོད་དུ་ཕྱག་ཕེབས་པ་ན། སངས་རྒྱས་ཀྱི་བསྟན་པའི་དག་ཐེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས། མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ།།སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་བ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབས་པར་བྱས་པ། སློབ་དཔོན་ཆེན་པོ་ཀ༌མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པས་སྐུ་དྲིན་ཤིན་ཏུ་ཆེ་ལ། ཕྱི་དར་ལ་རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་པཎྜི་ཏ་དང་རྣལ་འབྱོར་བར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གནོད་པ་ཆེན་པོ་བྱས་པ་སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང༌། གཞན་ཡང་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས། ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ།།ཞེས་གསུངས་པ་ལྟར་རོ།།

སྨྲས་པ།

དཔག་མེད་བསྐལ་བའི་སྔོན་ནས་རྒྱལ་སྲས་སྤྱོད་ལ་ཤིན་ཏུ་གོམས།།

གྲངས་མེད་ཡི་དམ་ལྷ་ཡིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས།།

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་མཐར་སོན་འགྲོ་ཀུན་བུ་བཞིན་གཟིགས།།

འཛམ་གླིང་མཁས་རྒུའི་གཙུག་གི་རྒྱན་གཅིག་མར་མེ་མཛད་ལ་འདུད།།

 

གང་གི་ཡོན་ཏན་མཁའ་དང་རྒྱ་མཚོའི་ཀློང་།།

གཏིང་དང་ཕ་མཐའ་སུ་ཡིས་དཔག་པར་ནུས།།

འོན་ཀྱང་མ་བཅོས་དད་གུས་རླུང་བུ་ཡིས།།

བསྐྱོད་པའི་ཟེགས་མ་སྐལ་མཉམ་གྲོགས་ལ་སྟོར།།

 

ཤར་ཕྱོགས་སྟོང་འཁུན་རྒྱལ་བོའི་མངའ་ཐང་ལ།།

ཀུན་ནས་འགྲན་པ་ནུབ་ཀྱི་བྷཾ་ག་ལར།།

ཟ་ཧོར་རྒྱལ་བོའི་མཛོད་ཀྱི་ཉིང་བཅུད་ཀུན།།

གཅིག་ཏུ་བསྡུས་ཀྱང་ཟིལ་གནོན་སྲས་ཤིག་འཁྲུངས།།

 

ཅི་ཙམ་བལྟས་ཀྱང་ངོམ་མེད་ཟླ་བའི་མདངས།།

གང་གི་ཞལ་ལ་རྫོགས་པས་མཚན་ལ་ཡང་།།

ཟླ་བའི་སྙིང་བོར་གསོལ་བ་མི་ཡི་མཆོག།

རིགས་དང་རུས་ཀྱང་གཙང་ཞིང་ཕུན་སུམ་ཚོགས།།

 

གཞོན་ནུ་ཉིད་ནས་སྒྱུ་རྩལ་མཐའ་དག་དང་།།

བཅུ་ཕྲག་རིག་པའི་གནས་ལ་རབ་མཁས་ཤིང་།།

འཆད་རྩོད་རྩོམ་པའི་དཔལ་གྱིས་མཁས་རློམ་སྙིང་།།

ལྐོག་མར་ཕྱུང་བའི་ངོ་མཚར་རྣམ་ཐར་མང་།།

 

ཁྱད་པར་ཚད་གཞུང་རིགས་ཐིགས་ཚར་གཅིག་ཙམ།།

གསན་ནས་རྩོད་ལ་མཁས་པའི་ཕྱི་རོལ་བ།།

ཕམ་ནས་སྙན་གྲགས་ཕྱོགས་ཀུན་ཁྱབ་པའི་ཚེ།།

ཁྱེད་ཉིད་ཆེས་གཞོན་དགུང་ལོ་བཅོ་ལྔ་ཙམ།།

 

ཇི་ལྟར་ཆུ་ཀླུང་བྱེ་བ་མང་བོའི་རྒྱུན།།

གཅིག་ཏུ་བབས་ཀྱང་ངོམ་མེད་ཆུ་གཏེར་བཞིན།།

མདོ་སྔགས་རིག་གནས་མཐའ་དག་ཁྱེད་ཐུགས་སུ།།
ཧྲིལ་གྱིས་སྤུངས་ཀྱང་ཚིམ་པ་མེད་དེ་མཚར།།

 

གང་ཞིག་ཆེ་བའི་ཆེ་བར་རློམ་རྣམས་ཀྱང་།།

སྲེད་པའི་འཆིང་ཞགས་གཅོད་དཀའ་འཇིག་རྟེན་གྱི།།

ཕུན་ཚོགས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན།།

གཟིགས་པའི་རྒྱལ་སྲས་གཞོན་ནུ་ངོ་མཚར་ཆེ།།

 

བླ་མས་དངོས་དང་ཡི་དམ་ལྷ་ཚོགས་ཀྱིས།།

དངོས་དང་རྨི་ལམ་སོགས་སུ་རྒྱལ་བསྟན་ལ།།

རབ་ཏུ་བྱུང་ན་བསྟན་འགྲོའི་དོན་ཆེན་ཉིད།།

འགྲུབ་ཚུལ་ལུང་བསྟན་རབ་བྱུང་རྣམ་ཐར་མཚར།།

 

ལ་ལ་ལུང་ལ་མཁས་ཀྱང་ཉམས་ལེན་མེད།།

འགའ་ཞིག་ཉམས་ལེན་བྱེད་འདོད་རྨོངས་པས་བསླུས།།

ལུང་རྟོགས་ཡོན་ཏན་ཀུན་གྱི་གཏེར་མཛོད་ཁྱེད།།

བསྟན་འགྲོའི་ཕན་བདེ་གསོ་བའི་གཉེན་གཅིག་ཉིད།།

 

འཆད་ལ་མཁས་ཀྱང་ཀུན་སློང་མི་གཙང་ཞིང་།།

རྩོད་ལ་མཁས་ཀྱང་གཞན་རྒྱུད་འགུག་ས་མེད།།

རྩོམ་ལ་མཁས་ཀྱང་སྙིང་བོས་སྟོང་བ་ཅན།།

མང་ཡང་འགྲོ་བའི་མགོན་གྱུར་ཁྱེད་འདྲ་དཀོན།།

 

དེ་ཕྱིར་འཕགས་བོད་གཉིས་སུ་བསྟན་འགྲོའི་དོན།།

རླབས་ཆེན་མཛད་པའི་རྣམ་ཐར་གཟུར་གནས་ཀྱི།།

མཁས་རྒུས་བསྔགས་པའི་ཡུལ་གྱུར་ཁྱོད་ཉིད་ལས།།

ཁྱོད་འདྲ་འབད་པས་བཙལ་ཀྱང་རྙེད་པ་དཀའ།།

 

སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ།།

ཁྱོད་ཉིད་གཅིག་བུར་འདུས་ཞེས་བསྟོད་བྱས་ཀྱང་།།

ཐལ་བར་མ་གྱུར་འཛམ་གླིང་མཁས་ཀུན་གྱི།།

གཙུག་རྒྱན་ཁྱེད་འདྲ་བོད་དུ་བྱོན་པ་མཚར།།

 

ཚུལ་འདི་བསམས་ན་གདོང་དམར་བོད་པ་ཡང་།།

བསོད་ནམས་མི་དམན་བསོད་ནམས་ཆེའོ་ཞེས།།

ཆོས་མཐུན་གྲོགས་ལ་སྦྲན་ནོ་དྲན་ན་ཡང་།།

གཅིག་བུར་གནས་ཀྱང་དགའ་བའི་ཅ་ཅོ་འཆོར།།

---  མུ་འགོད།  ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།  གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-09 ལྟ་ཀློག (3779)