ལྷ་ལྡན་སྨན་རྩིས་ཁང་དུ་དགེ་རྒན་དགའ་བའི་རྡོ་རྗེས་འཆད་ཁྲིད་གནང་།

ལྷ་ལྡན་སྨན་རྩིས་ཁང་དུ་དགེ་རྒན་དགའ་བའི་རྡོ་རྗེ་ལགས་ཀྱིས་འཆད་ཁྲིད་གནང།

    སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༣པའི་ཚེས་༢༥ཉིན་གྱི་ཕྱི་དྲོ་དུས་ཚོས་༣དང་ཕྱེད་ཀའི་ཐོག་བོད་རང་སྐྱོང་ལྗོངས་ལྷ་ལྡན་སྨན་རྩིས་ཁང་ནས་བོད་ཀྱི་གསོ་བ་རིག་པའི་ཕྱག་ལེན་ལ་མཛད་རྗེས་བླ་ན་མཐོ་བའི་དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ལ་ཕྱག་རྗེས་ཟབ་ཅིང་ངེས་དོན་གྱི་མཁས་པའི་དབང་བོ་རྗེ་དེལ་དམར་བའམ་༧དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་གཞུང་གྲགས་ཅན་དྲི་མེད་ཤེལ་གང་དང་ཤེལ་ཕྲེང་གི་པར་གཞི་ཁག་གི་བྱུང་རིམ་དང་རྗེ་དེ་ཉིད་ཀྱི་མཛད་རྣམ། ད་དུང་པར་སྐྲུན་ཁང་སོ་སོ་ནས་བཏོན་པའི་པར་གཞི་ཁག་ལས་གཏགས་ནོར་ཤོར་བའི་ཡི་གེ་སོགས་རེ་རེ་ནས་འདིར་ཞུགས་པའི་སྨན་པ་དང་སྨན་སློབ་པ་ཡོངས་ལ་གསལ་དག་ངོ་སྤྲོད་ཞུས།


      ཐེངས་འདིར་འཆད་ཁྲིད་ལ་ཞུགས་མཁན་དག་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ། ད་དུང་ཕྱོགས་སོ་སོ་ནས་ཐོན་པའི་དངོས་སྦྱོང་སློབ་མ་བཅས་དང་སྨན་རྩིས་ཁང་རང་ནས་ཡིན་པའི་སྨན་པ་རྒན་དར་གཞོན་གསུམ་བཅས་བསྡོམས་པས་ཧ་ལམ་མི་སུམ་བརྒྱ་ལྷག་འཆད་ཁྲིད་ལ་ཟུར་ཞུགས་བྱས་འདུག

     དེ་ནས་དགེ་རྒན་ཁོང་གིས་དུས་ཚོད་གཉིས་ལྷག་ལ་ང་ཚོར་ཤེལ་གང་དང་ཤེལ་ཕྲེང་གི་ཁ་བྱང་དང་དེའི་ནང་གི་ཚིག་དོན་གོ་བསྣོལ་བ་སོགས་ཞིབ་ཅིང་ཕྲ་བའི་ངང་འཚོ་བྱེད་པ་ཡོངས་ལ་གཟབ་པར་ཁྲིད་ནས་ཕྱི་དྲོ་དུས་ཚོད་དྲུག་པའི་ཐོག་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས།     

     དགེ་རྒན་ཆེན་མོ་དགའ་བའི་རྡོ་རྗེ་ལགས་ནི་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་སྦྱར་བཟོའི་ལག་རྩལ་གྱི་སྐུ་ཚབ་རྒྱུན་འཛིན་པ། སྲིད་གཞུང་གིས་དམིགས་བསལ་ཁ་གསབ་ཐོབ་པའི་རིགས་གཅིག་མཁས་ཅན། བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་སྨན་པ་བཅས་ཡིན། ཁོང་གི་བརྩམས་ཆོས་ལ་༼སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།༽དང་༼བོད་སྨན་རྒྱུན་སྤྱོད་སྨན་སྦྱོར་རིག་པ།༽སོགས་ཡོད།     
གསར་འགོད་པ། ལི་ཐང་ཕུན་ཚོགས།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2021-03-26 ལྟ་ཀློག (5044)