ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་ལུགས་གཉིས་བླང་དོར་གསལ་བྱེད་ཀྱི་བསླབ་བྱ་གཅེས་པ་བཅོ་བརྒྱད།


༄༅། ། ལུགས་གཉིས་ཀྱི་བླང་དོར་གསལ་བར་བྱེད་པའི་བསླབ་བྱ་

གཅེས་པ་བཅོ་བརྒྱད་བཞུགས་སོ། །


ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཛད།


      དགེ་ལེགས་དཔལ་སྟེར་བླ་མ་དང་། །བསླུ་མེད་སྐྱབས་མཆོག་རིན་ཆེན་གསུམ། །ལས་ཀུན་སྒྲུབ་པའི་སྲུང་མའི་ཚོགས། །ཀུན་ལ་དང་བའི་ཕྱག་བགྱིས་ཏེ། །སྔོན་བསགས་ལས་སྨོན་གྱིས་སྦྲེལ་བའི། །དད་གུས་སྐལ་ལྡན་སློབ་བུ་ལ། །འདི་ཕྱི་ཀུན་ཏུ་ཕན་པ་ཡི། །བླང་དོར་བསླབ་བྱ་མདོར་བསྡུས་བྲི། །བཙན་པོའི་ཁྲིམས་དང་མི་མཐུན་པའི། །སྤྱོད་པ་ཀིམ་པའི་འབྲས་བཞིན་སྤང་། །རང་ལ་ལྟོས་པ་ཐམས་ཅད་ཀྱང་། །ཚུལ་བཞིན་སྒྲུབ་ལ་སྦྱོར་བ་གཅེས། །འགྲོགས་འདྲིས་འབྲེས་བའི་ཆེ་ཕྲ་ལ། །ལེགས་ཉེས་བྱ་བྱེད་ཕྲ་མོ་ཡིས། །དགའ་ཁྲོའི་འགྱུར་ལྡོག་རིང་སྤང་སྟེ། །གཞུང་བཟང་ཕྱི་ཐག་བསྲིང་བ་གཅེས། །གཉེན་དང་ཉེ་དུ་ནང་འཁོར་ལ། །སྤྱི་སྙོམ་བྱམས་བརྩེའི་བསམ་སྦྱོར་གྱིས། །སྐབས་དང་སྦྱར་ཏེ་བབ་འབྲེལ་དང་། །མཐུན་པའི་སྐྱོང་བྲན་བྱ་བ་གཅེས། །དབང་བྱར་སྤྱོད་པའི་སྡེ་མང་ལ། །ཉེ་རིང་རིས་སུ་མི་གཅོད་ཅིང་། །ཐམས་ཅད་བྱམས་པས་སྐྱོང་བ་དང་། །ལེགས་ཉེས་རྣམ་དབྱེ་འབྱེད་པ་གཅེས། །དགའ་བའི་བཞིན་དང་རྣམ་འགྱུར་གྱིས། །ངོ་བསྟོད་གཞན་སྐྱོན་གླེང་བ་ཡི། །གཅམ་བུས་ཁ་གསག་སྨྲ་བ་ལ། །རྟོག་དཔྱོད་ཞིབ་ཏུ་བྱེད་པ་གཅེས། །བློ་ལྡན་གྱ་གྱུའི་སེམས་མེད་པར། །གནས་ཚུལ་ཇི་བཞིན་བརྗོད་པ་ཡི། །གཏམ་གྱི་བརྗོད་བྱར་ལེགས་བརྟགས་ནས། །སྙིང་བོ་དང་དུ་ལེན་པ་གཅེས། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་སྡང་བའི་བསམ་སྦྱོར་གྱིས། །རང་གཞན་གཉིས་ཀ་ཕུང་འགྱུར་བས། །ངན་སྤྱོད་འདི་དག་སྤོང་བ་གཅེས། །རྒན་ལ་གུས་ཤིང་མཉམ་ལ་མཛའ། །དམན་ལ་བྱམས་པར་བྱེད་པ་ཡི། །ཀུན་དང་མཐུན་པའི་ཡ་རབས་ཀྱི། །སྤྱོད་པ་ལྷུར་ལེན་བྱེད་པ་གཅེས། །གླུ་གར་རྒྱན་པོ་འགྱེད་པ་སོགས། །ཧ་ཅང་ཐལ་བའི་རྩེད་མོ་ལ། །གཡེང་བ་དོན་ཆེན་ཉམས་པའི་རྒྱུ། །བག་མེད་སྤྱོད་པ་སྤོང་བ་གཅེས། །ཁྱད་པར་མྱོས་བྱེད་འཐུང་བ་ནི། །དྲན་མེད་འགྱུར་བས་མི་ཁྱུ་ནས། །འབུད་ཅིང་ངན་འགྲོར་སྐྱུར་བྱེད་པས། །དུག་ཆུ་བཞིན་དུ་སྤོང་བ་གཅེས། །རྟ་རྩལ་འཕོང་དང་གཏམ་སྨྲ་སོགས། །དཔའ་བོའི་ཡང་རྩལ་ཡོན་ཏན་ལ། །སྦྱོང་བ་ཕོ་རབ་ལུགས་ཡིན་པས། །དེ་རྣམས་བརྩོན་པས་སྦྱོང་བ་གཅེས། །མདོར་ན་བསམ་སྦྱོར་བཟང་བོ་ཡིས། །འཇིག་རྟེན་སྤྱོད་པ་ཚུལ་མཐུན་ལ། །བསླབ་ན་མཐོ་རིས་ཐར་བའི་རྒྱུར། །འགྱུར་བས་ཚུལ་བཞིན་སློབ་པ་གཅེས། །འོན་ཀྱང་ཆོས་དང་འཇལ་དུས་འདིར། །འཇིག་རྟེན་ལུགས་ལས་ཁྱད་པར་དུ། །འཕགས་པའི་ཉམས་ལེན་བྱ་དགོས་པས། །འདི་ལྟར་ཉམས་སུ་ལེན་པ་གཅེས། །བླ་མ་མཆོག་གསུམ་དམ་པ་ལ། །སྙིང་ནས་རེ་ལྟོས་དཔུང་གཉེན་འཆའ། །སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། །དེ་ལ་ཕྱག་མཆོད་བྱེད་པ་གཅེས། །རབ་ཏུ་བྱུང་བ་ཐམས་ཅད་ལ། །བརྙས་པར་མི་བྱ་དག་སྣང་དང་། །གུས་པས་བསྙེན་བཀུར་ཕན་འདོགས་ཀྱི། །བྱ་བ་སྒྲུབ་ལ་བརྩོན་པ་གཅེས། །རྒྱུན་དུ་བླ་མ་དཀོན་མཆོག་ལ། །སྐྱབས་འགྲོ་བསྟོད་པ་གསོལ་འདེབས་དང་། །གཟུངས་སྔགས་ཟབ་མོའི་བཟླས་བརྗོད་སོགས། །ཁ་ཏོན་བྱེད་ལ་བརྩོན་པ་གཅེས། །བླ་མའི་རྣལ་འབྱོར་སྐྱབས་འགྲོ་དང་། །ལམ་རིམ་ལྟ་བ་ཕྱག་ཆེན་གྱི། །དམིགས་རིམ་རྣམས་ལ་བསམ་པ་དང་། །སྒོམ་པ་ལྷུར་ལེན་བྱེད་པ་གཅེས། །འདི་ལྟར་བགྱིས་ན་གནས་སྐབས་དང་། །མཐར་ཐུག་དོན་ཆེན་བདེ་བླག་ཏུ། །འགྲུབ་པར་དམ་པ་རྣམས་ཀྱིས་གསུངས། །དེ་ཕྱིར་ཚུལ་འདིར་འབད་པ་གཅེས། །ཚུལ་འདིར་འབད་ལ་བླ་མ་དང་། །ཡི་དམ་མཆོག་གསུམ་སྲུང་མ་ཡིས། །བྱིན་རླབས་དངོས་གྲུབ་མཆོག་སྩོལ་ཞིང་། །གཅེས་པར་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་ལུགས་གཉིས་ཀྱི་བླང་དོར་གསལ་བར་བྱེད་པའི་བསླབ་བྱ་གཅེས་པ་བཅོ་བརྒྱད་པ་ཞེས་བྱ་བ་འདི་ནི་རིགས་རུས་ཕུན་སུམ་ཚོགས་ཤིང་ཆོས་ལ་དད་འདུན་དང་བརྩོན་པ་ཆེ་བའི་དཔོན་པོ་ཧར་ཆིན་བྱམས་པ་བཀྲ་ཤིས་ཀུན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་འཇམ་དབྱངས་གོང་མ་བ་ཧྭང་ཏིའི་ལུང་གིས་ཀྭོན་ཏིང་ཕུའུ་ཤན་བཀང་ཚི་ཏཱ་ཀོོ་ཤྲཱི་མིང་གཞན་ལྕང་སྐྱ་ཧུ་ཐོག་ཐུ་ཞེས་འབོད་པའི་བན་རྒན་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་བོས་བྱམས་ཆེན་ལྷ་ཁང་དུ་སྦྱར་བའོ། །

གསར་འགོད་པ་འཇིགས་མེད་གྲགས་པ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2021-03-21 ལྟ་ཀློག (7377)