སྒོ་མང་གདན་རབས་ཆེན་མོའི་དབུ་འབྱེད་ཚོགས་འདུ།

སྒོ་མང་གདན་རབས་ཆེན་མོའི་དབུ་འབྱེད་ཚོགས་འདུ།

     རབ་གནས་ལྕགས་མོ་གླང་གི་ལོ་སར་གྱི་ཚེས་གཉིས་ཏེ་སྤྱི་ལོ་༢༠༢༡-༢-༡༣་ཉིན། རྔ་ཡུལ་སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་འཛིན་གྱི་ཚོགས་ཆེན་འདུ་ཁང་ནང་ནས། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་བརྩམས་པའི་སྒོ་མང་གདན་རབས་ཆེན་མོ་གཡས་འཁྱིལ་དུང་གི་སྒྲ་དབྱངས་དབུ་འབྱེད་ཀྱི་ཚོགས་འདུ་གཟབ་རྒྱས་ངང་འཚོགས། 
    
སྐྱབས་རྗེ་ཧྭར་བ་རིན་པོ་ཆེས་གཙོས་བླ་མ་ལས་སྣེ་ཆ་ཚང་དང་བླ་སྤྲུལ་དགེ་བཤེས་བརྒྱ་ཡས་མས་ཤིག་ཚོགས་འདུར་ཞུགས།  སྐྱབས་རྗེ་ཧྭར་བ་རིན་པོ་ཆེ་དང་། ཚོགས་ཆེན་ཁྲི་རིན་པོ་ཆེ་མ་ཎི་བླ་མ་ཚང་། ཁྲི་ཟུར་ཨ་ལགས་སྒང་བ་བསམ་གཏན་བསྟན་པའི་རྒྱལ་མཚན་ཚང་། དགོན་དོ་དམ་ཁང་གི་འགོ་གཙོ་ཕྱུག་སྤྲུལ་སྐུ་རྣམས་ཀྱིས་སྔ་ཕྱིར་གསུང་བཤད་གནང་ཞིང་། རྩོམ་པ་བོ་དང་ཁོང་གི་བརྩམས་ཆོས་གསར་བ་གདན་རབས་ཆེན་མོ་ཤོག་གྲངས་སྟོང་ཕྲག་ལས་བརྒལ་བ་དེར་ཚད་མཐོ་བའི་གདེང་འཇོག་གནང་། སྐྱབས་རྗེ་ཧྭར་བ་རིན་པོ་ཆེ་དང་དགོན་དོ་དམ་ཁང་། བརྡ་སྤྲོད་ལས་སྒྲུབ་ཚན་ཆུང་རྣམས་ཀྱིས་བཀའ་དྲིན་ཞུ་ཡིག་དང་ལེགས་སྐྱེས་གྱ་ནོམ་པ་གནང་། 
       
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སྒོ་མང་གདན་རབས་ཆེན་མོ་བྲིས་པའི་བརྒྱུད་རིམ་དང་དམིགས་ཡུལ། མི་མང་བོས་རམས་འདེགས་བྱས་ཚུལ་སོགས་སྙན་ཞུ་གསལ་བོ་ཕུལ། མཇུག་ཏུ་བླ་སྤྲུལ་དགེ་བཤེས་མང་བོས་ལེགས་སོའི་དགའ་དར་ཕུལ། ཐེངས་འདིའི་ཚོགས་འདུའི་གཙོ་སྐྱོང་བའི་འགན་སྒོ་མང་བརྡ་སྤྲོད་ལས་སྒྲུབ་ཁང་གིས་ཁུར་ཞིང་། ཚོགས་མི་ཡོབ་ཤུལ་འཇམ་དབྱངས་ཀུན་དགས་ཚོགས་འདུའི་མདོ་འཛིན་པ་ཞུས།
     
མཇུག་ཏུ་ཚོགས་ཆེན་དབུ་མཛད་ཆེན་མོས་དབུ་བསྐུལ་ཏེ། བསྟན་འབར་མ་དང་རྒྱལ་བ་མ་ལུས་པ། ཆོས་རྒྱལ་མ་དང་བདག་གཞན་མ་བཅས་གསུངས་ཏེ་ཚོགས་འདུ་ལེགས་པར་གྲོལ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཡར་འཚོག་ཉིན་ལྡོང་བློ་བཟང་སྦྱིན་པས་སྦྱིན་བདག་བྱས་ཏེ་དགེ་འདུན་པ་ཆིག་སྟོང་ལྷག་ལ་སྒོ་མང་གདན་རབས་ཆེན་མོ་རེ་རེ་ཕུལ།  ༢༠༢༡-༣-༣ ཉིན། 

 གསར་འགོད་པ། སྒོ་མང་བརྡ་སྤྲོད་ལས་སྒྲུབ་ཁང་།

མཁོ་སྤྲོད་པ།  གསར་འགོད་པ། ལོ་མ་དཀར་བོ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-03-02 ལྟ་ཀློག (6483)