ཏུན་ཧོང་གྲོང་ཁྱེར་དུ་བོད་ཀྱི་ནང་མ་ཁང་ཞིག་ཡོད།

རང་གི་དགའ་ཕྱོགས་ཀྱི་ལས་རིགས་ལ་འཇུས་ཏེ་ཕུགས་འདུན་སྙེགས་ཀྱིན་པའི་ན་གཞོན་གཞས་པ་གནམ་ལྷ་ཚེ་རིང་དང་དཔལ་ཕྱུག་གཉིས་ཀྱིས་ཏུན་ཧོང་གྲོང་ཁྱེར་དུ་ནང་ཁང་ཞིག་ཕྱེས་ཡོད།

  ན་གཞོན་གཞས་པ་གནམ་ལྷ་ཚེ་རིང་ནི1984.3.10ཉིན་འབའ་རྫོང་འབའ་ལུང་ཡུལ་ཚོ་ཧྭོ་སྦྱོར་སྡེ་བར་སྐྱེས། ཆུང་དུས་སུ་ཁྱིམ་མཚེས་གཡས་གཡོན་གྱི་བྱིས་པ་གཞན་དག་དང་འདྲ་བར་དཔེ་ཁུག་ཆུང་ཆུང་ཞིག་རྒྱབ་ཏུ་ཁུར་ཏེ་སློབ་གྲྭ་ཆུང་འབྲིང་སོགས་འགྲིམས།  ཁོ་བོ་གླུ་གར་དང་རོལ་མོ་ལ་ཧ་ཅང་དགའ་བོ་ཡོད་སྟབས་སློབ་གསེང་དང་ངལ་གསོའི་སྐབས་གླུ་གར་དང་རྩེད་མོར་གཡེང་པས་དགེ་རྒན་གྱིས་བཀའ་གྱོན་དང་ཁྲིམས་ཆད་ཀྱང་ཁུར་མྱོང་།  ཕྱིས་སུ་སློབ་ཆེན་འགྲིམས་པའི་སྐལ་བ་མ་ལྡན་ཡང་ཕ་མ་གཉིས་དང་མཉམ་དུ་ཕ་ཡུལ་དུ་འཚོ་སྡོད་བྱས།  རང་ལོ་བཅུ་དགུའི་སྟེང་རང་ཡུལ་དང་ཁ་བྲལ་ཏེ་གནས་ངེས་མེད་དང་དུས་ངེས་མེད་དུ་འཁྱམ་ཉུལ་བྱས་ནས་བསྡད།  སྟབས་ལེགས་པ་ཞིག་ལ་2011ལོར་ཏུན་ཧོང་དུ་ཡོད་པའི་ནང་མ་ཁང་ཞིག་གི་སྦྱིན་བདག་ངོ་ཤེས་ནས་ཁོ་དང་མཉམ་དུ་ཏུན་ཧོང་དུ་སོང་སྟེ།  ཁོའི་ནང་མ་ཁང་དུ་གླུ་གཞས་གཏོང་བ་དང་བྲོ་གར་འཁྲབ་པ་སོགས་ཀྱི་ཞབས་ཞུ་ལ་བརྟེན་ནས་ཡོང་སྒོ་འཚོལ་ཞོར་འཚོ་བ་རོལ་ནས་ལོ་ཕྱེད་ཙམ་འདས་རྗེས་ཕྱིར་ཕ་ཡུལ་དུ་ལོག

2012ལོའི་སྟོན་ཁར་ཡང་བསྐྱར་ཏུན་ཧོང་དུ་སོང་ནས་སྔར་རང་གིས་ལས་ཞུགས་བྱེད་མྱོང་བའི་ནང་མ་ཁང་གི་གནས་ཚུལ་ལ་རྒྱུས་ལོན་བྱས། སྐབས་དེར་སྦྱིན་བདག་ཁོ་རང་བྱ་བ་གལ་ཆེན་ཞིག་གིས་གནས་གཞན་ལ་འགྲོ་དགོས་བྱུང་བ་དང་ཆབས་ཅིག་ནང་མ་ཁང་དེའང་གཞན་ལ་སྐོར་རྩིས་བྱེད་པ་ཐོས། དེ་མ་ཐག་རང་ཉིད་ལའང་སྔ་མོ་ནས་ནང་མ་ཁང་ཞིག་གཉེར་འདོད་ཀྱི་བསམ་བློ་སྐྱེས་མྱོང་ཡོད་པས་སྐབས་དེར་རང་གི་ལས་གྲོགས་དཔལ་ཕྱུག་ལ་གྲོས་ཀ་བྱས་ཏེ་གྲོས་མཐུན་བྱུང་ནས་མཉམ་འབྲེལ་སྒོས་ནང་མ་ཁང་ཚུར་བླངས།

ཡིན་ཡང་དཔལ་འབྱོར་དང་དོ་དམ་སོགས་གང་ཅིའི་ཐད་ཉམས་མྱོང་ཅི་ཡང་མེད་ནའང་། གཅིག་ན་རང་གི་དགའ་ཕྱོགས་ཡིན་པ་དང་། གཉིས་སུ་གནས་འདི་ནི་གཞན་དང་མི་འདྲ་བར་ཡུལ་སྐོར་ལྗོངས་རྒྱུ་བའི་ལྟེ་གནས་ཆེ་ཤོས་ཤིག་ཡིན་སྟབས།  གནས་འདིར་བོད་ཀྱི་ནང་མ་ཁང་ཞིག་ཡོད་ན།  བོད་རང་གི་རིག་གནས་གོམས་སྲོལ་སོགས་ལ་མི་རིགས་མང་བོས་རྒྱུས་ལོན་གནང་སའི་གར་སྟེགས་ཤིག་ཡིན་པར་མ་ཟད།  མི་རིགས་མང་བོར་འབྲེལ་འདྲིས་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་གནང་སའི་ཁྱིམ་གཞིས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ།  སྤོབས་པ་ཆེར་བསྐྱེད་སྒོས་ནང་མ་ཁང་དེ་ཚུར་ལེན་རྒྱུ་གཏན་འཁེལ་བྱས་ཏེ་ཕན་ཚུན་བར་གན་རྒྱ་བཞག་ནས་ལས་སྒོ་འདི་ལ་དངོས་སུ་ཞུགས།

ནང་མ་ཁང་ལ་བོད་ལུགས་ལྟར་མཛེས་བཟོ་བྱེད་བཞིན་པ།

ནང་མ་ཁང་ལ་བོད་ལུགས་ལྟར་མཛེས་བཟོ་བྱེད་བཞིན་པ།

སྐབས་དེར་གནས་འདི་རུ་རྒྱལ་ཁབ་ཕྱི་ནང་གི་མི་རིགས་མང་བོར་བོད་ཀྱི་རིག་གནས་དྲིལ་སྒྲོག་དང་ཡུལ་སྐོར་ལྗོངས་རྒྱུ་བར་བརྟེན་ནས་འཚོ་བ་རོལ་ཐབས་ཙམ་ལ་ཕན་པར་བསམ་པ་ལས། གང་ཅིའི་ཐད་ཉམས་མྱོང་ཅི་ཡང་མེད་པའི་ཁར་གནས་འདིར་རུ་ངེད་གཉིས་ལས་བོད་མི་གཅིག་ཀྱང་མཐོང་མ་མྱོང་བ་མ་ཟད། གནས་འདིར་བོད་མི་ཞིག་ཡོད་པའི་གོ་ཐོས་ཀྱང་མེད། ཐོག་མར་བསམ་བློའི་ནང་འཆར་བ་ནི། ཁང་བ་ཞིག་དང་གར་སྟེགས་ཤིག གློག་སྒྲོན་སྣ་ཚོགས་དང་གར་འབྲབ་མཁན་རེ་ཟུང་ཡོད་པས་ཆོག་སྙམ་པའི་བསམ་བློ་ནོར་འཁྲུལ་ཅན་དེས་ཕྱིས་སུ་དཔལ་འབྱོར་གྱི་དཀའ་ངལ་ཕར་ཞོག   ནང་མ་ཁང་གི་དོ་དམ་གྱི་དཀའ་ངལ་དང་། གར་སྟེགས་ཇུས་འགོད་དང་ཞབས་བྲོ་རིག་རྩལ་སོགས་ཀྱི་གོ་རིམ་སྒྲིག་པའི་དཀའ་ངལ།  སྒྲ་དབྱངས་དང་རོལ་ཆས་བཀོད་སྒྲིག་བྱེད་ཐབས་སོགས་ཀྱི་དཀའ་ངལ།  ལྟད་མོ་བའི་སེམས་འགུག་ཐབས་དང་འཛད་སྤྱོད་པའི་འཚོ་བ་བཀོད་སྒྲིག་བྱེད་ཐབས་བཅས་ཀྱི་དཀའ་ངལ་ལ་འཕྲད་རྐྱེན། ནང་མ་ཁང་གི་མ་རྩ་རྡིབས་ནས་འཚོ་བ་དང་སྡོད་ཁང་གི་དཀའ་ངལ་འཕྲད་ཏེ་སྤྲང་བོ་ལྟར་འཚོ་བ་རོལ་དགོས་པའི་གནས་སུ་ལྷུང་། ཡིན་ནའང་ཨུ་ཚུགས་མཐའ་འཁྱོལ་བྱས་ཏེ་དཀའ་ཁག་ཡོད་ཚད་རྒྱུན་ལྡན་དུ་བསམ་ནས་ལས་ཞུགས་བྱས་ཀྱང་། ཕྱོགས་གཞན་གྱི་དཀའ་ཁག་མང་བོ་ཞིག་ཀྱང་ཕྲེང་སྒྲིག་ནས་སླེབས་བྱུང་། དཔེར་ན། ནང་མ་ཁང་ལ་ཆོག་མཆན་ལེན་མ་ཐུབ་པའི་དཀའ་ཁག   འགན་ལེན་བྱས་པའི་ཁང་བ་དེ་གཞུང་གི་ངོས་ལེན་ཆ་ཚང་ཐོབ་མེད་སྟབས་འགྲོ་ལུགས་སྒྲུབ་མ་ཐུབ་པའི་དཀའ་ཁག མེ་གསོད་སྔོན་འགོག་གི་རྒྱུ་ཆ་ཚད་ལྡན་མིན་པའི་དཀའ་ཁག་སོགས་ཁྲིམས་མཐུན་གྱི་ཡིག་ཆ་ཁ་ཚང་གི་ཆེད་དུ་ལོ་གཅིག་དང་ཕྱེད་ཙམ་ལ་དཀའ་ལས་མི་མྱངས་ཐབས་མེད་བྱུང་། རྗེས་སུ་རིམ་བཞིན་ས་དེ་གའི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་གྲོགས་པོ་མང་པོར་ཡུན་རིང་འབྲེལ་འདྲིས་བྱས་རྐྱེན་མཐར་གཞུང་ཕྱོགས་ཀྱི་འགྲོ་ལུགས་ཁ་ཚང་ལེགས་འགྲུབ་བྱུང་པ་དང་རྒྱུས་མེད་ཀྱི་ས་དེ་རུ་རྐང་ཚུགས་ནས་རྒྱུན་ལྡན་གྱི་ལས་གཉེར་བྱེད་ཐུབ་པ་བྱུང་། ན་གཞོན་ལས་རིགས་གསར་སྤེལ་གྱི་བྱེད་སྒོ་འདིས་བོད་ཀྱི་གཞོན་སྐྱེས་བཅུ་ལྷག་གི་ལས་སྒུག་གསར་བསྐྲུན་གྱི་གནད་དོན་ཐག་བཅད་ཡོད་ཞེས་བཤད་ཆོག་ལ།  འདི་ནི་ཏུན་ཧོང་ས་ཆར་དཀའ་སྡུག་སྣ་ཚོགས་ཀྱི་གོ་རིམ་ཁྲོད་རྙེད་པའི་བོད་ཀྱི་ནང་མ་ཁང་ཐོག་མ་དེ་ཡིན་ཞེས་བཤད་ཀྱང་ཆོག

ནང་མ་ཁང་ལ་བོད་ལུགས་ལྟར་མཛེས་བཟོ་བྱེད་བཞིན་པ།

ནང་མ་ཁང་ལ་བོད་ལུགས་ལྟར་མཛེས་བཟོ་བྱེད་བཞིན་པ།

   ད་ལྟ་ནང་མ་ཁང་འདིར་སྐད་ངག་གི་སྒྱུ་རྩལ་དང་ལུས་ཀྱི་སྟངས་སྟབས་ངོ་མཚར་བ་ཡོད་པའི་བོད་ཀྱི་ན་གཞོན་གཞས་པ་གཞས་མ་སྐོར་ཞིག་དང་། བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ལ་བྱང་ཆ་ལྡན་པའི་མདོ་འཛིན་པ་དང་འཁྲབ་སྟོན་པ་སོགས་མི་གྲངས་བཅུ་ལྷག་གིས་གྲུབ་ཡོད།

སྤྱིའི་ཆ་ནས་ནང་མ་ཁང་འདིའི་སྒྲིག་གཞི་སྣ་ཚོགས་ཅུང་འཐུས་ཚང་ཡིན་པ་མ་ཟད།   སྐད་རིགས་སྣ་ཚོགས་ལ་བྱང་ཆ་ལྡན་པ་དང་ཞབས་ཞུ་བའི་རྣམ་འགྱུར་ཧ་ཅང་ལེགས་པས་ས་གནས་སོ་སོའི་སྐུ་མགྲོན་ཡོངས་ཀྱི་འདོད་བློ་ཚིམ་ཡོད་ལ། ཕྱི་ནང་གི་བཟོ་བཀོད་ཀྱང་གང་འཚམ་གྱིས་ལེགས་གྲུབ་བྱུང་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལྗོངས་རྒྱུ་བ་མང་བོ་དང་ཕྱོགས་སོ་སོའི་མགྲོན་པོ་མང་བོ་ངང་གིས་འདུས་ནས་ཐམས་ཅད་ཀྱི་བསྟོད་པའི་གནས་སུ་གྱུར་ཡོད། སྒོས་སུ་ཏུང་ཧོང་གཏེར་མཛོད་དུ་ཕེབས་པའི་སྐུ་མགྲོན་དག་ལ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལོ་རྒྱུས། ལྡེབས་རིས་སྒྱུ་རྩལ་སོགས་གླུ་གར་དང་འཁྲབ་སྟོན་གྱི་ལམ་ནས་ངོ་སྤྲོད་དང་དར་སྤེལ་གཏོང་བཞིན་རྒྱུད་གཅིག་ལམ་གཅིག་གི་ཕྱོགས་ལ་འབད་བཞིན་པ་ལགས་སོ། །  

 

ཏུན་ཧོང་དུ་ཡོད་པའི་བོད་ཀྱི་ནང་མ་ཁང་།

གླིང་རྗེ་གེ་སར་རྒྱལ་བོ་འཁྲབ་པ།

མཚན་མོའི་ཟློས་གར།

བོད་ཀྱི་གཞས་པ་གནམ་ལྷ་ཚེ་རིང་གིས་བོད་གཞིས་གཏོང་བཞིན་པ།

ན་གཞོན་མཉམ་བསྐྱོད།

དཔུང་བ་མཉམ་བཤིབས།

བསམ་བློ་གཅིག་མཐུན།

འབྲེལ་གནས། 13629372672

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-12-03 ལྟ་ཀློག (5705)