འཇམ་མགོན་ས་པཎ་དང་ལེགས་བཤད་རིན་པོ་ཆེའི་གཏེར།

འཇམ་མགོན་ས་པཎ་དང་ལེགས་བཤད་རིན་པོ་ཆེའི་གཏེར།

 

འཇམ་མགོན་ས་སྐྱ་པཎྜི་ཏ།
                    
ལྡོང་ཡོན་ཏན་རྒྱ་མཚོས།

མཐོན་པོ་གངས་རིའི་མར་གཤམ་ཞིག་ཏུ།།
དམའ་མོ་གཡུ་མཚོའི་ཉེ་འགྲམ་དེ་རུ།།
འཇམ་དབྱངས་བྱིས་པའི་ཟོལ་དུ་བརྫུས་པའི།།
ངོ་མཚར་ཁྱེའུ་དཔལ་ལྡན་དོན་གྲུབ།།
འོད་གསལ་ལྷ་མཆོག་བདུད་རྩིའི་ཟེར་མ།།
ཆེན་པོ་འཁོན་གྱི་གདུང་སྲས་དྭངས་མ།།

མཁྱེན་པའི་ཉི་མ་འོད་དུ་འབར་ཞིང་།།
ལེཊ་སྦྱར་དབྱངས་གསལ་ཐོགས་མེད་གསུང་བའི།།
དཔལ་ཆེན་འོད་ཆེན་སྙིང་གི་ཐིག་ལེ།།
ཡུམ་ཆེན་ཉི་ལྕམ་སྲས་མོའི་སེམས་རྟེན།།
སྔོན་སྦྱངས་བག་ཆགས་ཁད་ཀྱིས་སད་ཅིང་།།
བྱང་འཕགས་མཛད་སྤྱོད་ལྷུན་གྱིས་གྲུབ་མཛད།།

ཕྱི་ནང་དེ་ཉིད་བཅུ་ཡི་མངའ་བདག 
རྗེ་བཙུན་གྲགས་པ་རྒྱལ་མཚན་དྲུང་དུ།།
མདོ་སྔགས་ཟབ་གནད་ཕྲ་རགས་གསན་པའི།།
ཐུགས་ཀྱི་སྲས་གཅིག་ཀུན་དགའ་རྒྱལ་མཚན།།
མཁས་པའི་བྱ་བ་འཆད་རྩོད་རྩོམ་པར། །
འཇིགས་མེད་དཔའ་གདེངས་སྤོབས་པ་མཆོག་བརྙེས།།

ལོག་ལྟའི་མུན་པ་འོད་དུ་སྒོམ་པའི།།
ལྷོ་ཕྱོགས་དཔལ་རིའི་འདབས་ཀྱི་མགྲོན་པོ།།
འཕྲོག་བྱེད་དགའ་བོའི་དཔུང་གི་དཀྱིལ་འཁོར།།
ལུང་རིགས་མེ་ལྕེས་བར་མེད་བསྲེགས་པས།།
སྨྲ་བ་ཟླ་མེད་རིགས་པའི་དབང་ཕྱུག 
རྒྱལ་བསྟན་སྲོག་གི་ཀྭ་བར་བཞེངས་ཡོད།།


ཁ་ཆེའི་པཎ་ཆེན་སྟོན་འཁོར་དང་བཅས།།
ཧི་མ་ལ་ཡའི་བཅུད་དུ་ཆགས་པས།།
བཅུ་ཕྲག་རིག་པའི་ངོ་མཚར་མགུལ་རྒྱན།།
ས་ཆེན་རྒྱལ་སྲས་ཁྱོད་ལ་དབང་ཞིང་།།
གངས་ཅན་པཎ་ཆེན་ཐོག་མའི་མཚན་སྙན།།
ལོ་རྒྱུས་རྡོ་རིང་ངོས་ན་གསལ་འདུག །

སྒྲ་སྙན་སྨན་རྩིས་ཟློས་གར་སྡེབ་སྦྱོར།།
བཟོ་ཚད་མངོན་བརྗོད་མདོ་སྔགས་འཆད་ཉན།།
གངས་རིའི་ལྗོངས་ན་ཉི་བཞིན་གསལ་མཛད།།
རིག་བཅུའི་སྲོལ་འབྱེད་འཇམ་མགོན་བླ་མ།།
ལོ་ཟླའི་འགྱུར་བག་ཇི་འདྲ་རྒོད་ཀྱང་།།
སྐྱེ་དགུའི་ངག་དང་སེམས་ན་འཛུམ་ཡོད།།

ཁ་ཆེའི་སྡོམ་རྒྱུན་གངས་ཆབ་གཙང་མ།།
ཆོལ་གསུམ་འཛིན་མའི་ཡོལ་གོར་དྲངས་ཤིང་།།
ས་ཆེན་རྟག་བརྟན་གདོང་ལྔའི་ཁྲི་འཕང་།།
ཟབ་རྒྱས་ཆོས་ཀྱི་འཁོར་ལོས་བསྐྱངས་ཡོད།།
སྡོམ་བརྩོན་དམ་པའི་ངོ་མཚར་རེ་ཁཱས།།
རིས་མེད་ཆོས་སྡེར་མཛེས་སྡུག་བསྐྲུན་སོང་།།

ཇིང་གིར་རྒྱལ་བོའི་རྔམ་ཟིལ་གཅིག་གིས།།
ཡ་གླིང་དཀྱིལ་འཁོར་དབང་དུ་བསྡུས་པས།།
དོར་རྟ་ནག་པོའི་རལ་གྲིའི་འཕྲུལ་འཁོར།།
གངས་རིའི་ཟོམ་ན་སྨྱོན་པས་འཁོར་ཚེ།།
གསེར་ཡིག་འབྱོར་སའི་བྱང་འཕགས་ཆེན་པོ།།
ཟད་མེད་ཐུགས་བསྐྱེད་ཀློང་ནས་བཞེངས་བྱུང་།།

རྒས་པའི་སྡུག་བསྔལ་ཐུགས་ལ་མ་དྲན།།
བཤུལ་རིང་ལམ་ལ་སུན་སྣང་མ་འཁྲུངས།།
བཤོལ་བཏབ་ཚིག་ལ་གསན་བཞེས་མ་མཛད།།
སྐུ་དང་སྲོག་ལ་འཛེམ་པ་མ་གནང་།།
དགུང་གྲངས་རེ་ལྔའི་ན་སོ་ཁུར་ཏེ།།
བྱང་ཕྱོགས་ལིང་ཇུའི་མཐིལ་ལ་ཕེབས་སོང་།།

གོ་དན་རྒྱལ་བོ་ཆོས་ཀྱིས་བཏུལ་བས།།
བོད་པའི་དགེ་འདུན་དབུ་འཕང་བསྟད་ཡོད།།
རྒྱ་དང་མི་ཉག་ཡུ་གུར་སོག་པོ།།
གསུང་གི་ལང་ཚོ་གསར་བས་བཟི་སོང་།།
མི་ཚོགས་རྒྱ་མཚོ་སྐྱོམ་པའི་རླབས་རྩེར།།
བོད་ཀྱི་པཎ་ཆེན་སྐུ་དྲིན་ཆེ་ཨང་།།

དབུས་གཙང་མངའ་རིས་ཡོན་མཆོད་ཚོགས་ལ།།
གསུང་འཕྲིན་དུང་ཟླའི་འོད་དཀར་སྤྲོས་པས།།
ཡན་ལག་བཞི་ཡི་དཔུང་ཚོགས་མེད་པའི།།
བོད་ཁམས་འཇིགས་ཉེན་གཡང་ལས་བསྐྱབས་ཤིང་།།
དམར་ནག་ཁྲག་གི་བཏུང་བར་གོམས་པའི།།
གཞན་སྡེའི་ངན་སོང་སྒོ་མོ་བཀག་ཡོད། །

སྔོན་མེད་ལེགས་བཤད་གསེར་གྱི་གཏེར་ཁ།།
ཕྱི་རབས་གངས་ཅན་བུ་ལ་ཕྱེས་ཀྱང་།།
འཕྲིན་ལས་རྟ་ལྗང་གཞོན་ནུའི་རང་འགྲོས།།
གླིང་ཆེན་བདུན་གྱི་མཐོངས་ན་མཛེས་པ།།
བརྒྱ་སྟོང་ལོ་ཡི་བ་གམ་བརྩེགས་ཀྱང་།།
མཛད་བཟང་མ་ཉམས་གཟི་བྱིན་རང་འབར།།

སྐུ་མཆོག་རིན་ཆེན་ཟ་མ་ཏོག་བཟང་།།
གངས་ཅན་བསོད་ནམས་དཔལ་དུ་མ་དབང་།།
ལིང་ཇུ་སྒྱུ་མའི་གྲོང་ཚོ་གསར་བར།།
དགོངས་པ་ཆོས་དབྱིངས་ཐིམ་པ་བདེན་ནམ།།
གངས་རིའི་ཆོས་རིག་སྲིད་འབྱོར་དོན་དུ།།
སྐུ་སྲོག་བཏང་བའི་སེམས་དཔའ་ཁྱོད་ཡིན།།

གྲང་རླུང་ངར་མ་མཆོང་ལྡིང་བྱེད་པའི།།
ཁ་བའི་མེ་ཏོག་འཚུབ་འཁོར་རྒྱག་པའི།།
དགུན་ཟླ་བར་མའི་ཚེས་ཆེན་བཅོ་ལྔར།།
སྐྱེས་མཆོག་ཁྱེད་ཀྱི་མཁྱེན་རབ་དྲན་ཡོད།།
བསུབ་མེད་ཕྱག་རྗེས་ཤུགས་ཀྱིས་གླེང་ཡོད།།
གསང་གསུམ་ཡོན་ཏན་མཚོན་ཙམ་བྲིས་ཡོད།།

འཇམ་དཔལ་དབྱངས་དང་ངོ་བོ་དབྱེར་མེད།།
སྤྱན་རས་གཟུགས་དང་ཐུགས་རྒྱུད་གཉིས་མེད།།
ཕྱག་ན་རྡོ་རྗེའི་མཐུ་སྟོབས་གཅིག་བསྡུས།།
གངས་རིའི་པཎ་ཆེན་ཁྱོད་ལ་དད་དོ།།
བོད་པའི་ཆོས་རིག་སྲིད་འབྱོར་དར་ལ།།
བདག་ཀྱང་རྗེས་སུ་འཛིན་པར་སྨོན་ནོ།།


སྙན་རྩོམ་འདི་ནི། བོད་གངས་རིའི་ལྗོངས་ལ་བཅུ་ཕྲག་རིག་གནས་ཀྱི་འཆད་ཉན་ཆ་ཚང་དར་བར་མཛད་པའི་ཤིང་རྟ་བ་ཆེན་པོ་འཇམ་མགོན་ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོའི་གདུང་མཆོད་ཉིན། ཆོས་གྲོགས་སྤྲུལ་བའི་སྐུ་བཀྲ་ཤིས་མགོན་པོའི་ཐུགས་རེ་བཞིན་ས་པཎ་དྲན་ཚོགས་ཞེས་པའི་གླེང་ཚོམས་ཤིག་ཏུ་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་དང་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ་ཁ་བརྡ་ཐུང་ངུ་ཞིག་བྱས་རྗེས།ངེས་དོན་གྱི་མཁས་པ་དང་དཔའ་བོ་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་མི་ཕྱེད་པའི་དད་པ་ཐོབ་པའི་བཙུན་གཟུགས་ལྡོང་ཡོན་ཏན་རྒྱ་མཚོར་འབོད་པས་བྲིས།

༢༠༡༨-༡༢-༢༢

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-29 ལྟ་ཀློག (3204)