འཇམ་མགོན་བླ་མས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་གྱི་མཆན་འགྲེལ་མདོར་བསྡུས།

༄༅།། འཇམ་མགོན་བླ་མས་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་གྱི་མཆན་འགྲེལ་མདོར་བསྡུས།

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

    འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་ཞལ་ནས། བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པ་དང་། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བླ་ོསྣ་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང་། ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསུངས།

    མཆན་འགྲེལ་མདོར་བསྡུས། རྗེ་བླ་མས་གསུངས་པའི་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་འདི་ཚིག་ཉུང་དོན་འདུས་ཞིག་སྟེ། འདིའི་ནང་དུ་ལམ་གྱི་རིམ་པ་ཆ་ཚང་ཞིག་འདུ་བའི་ཕྱིར་རོ།།

    དོན་ཆེན་པོ་གསུམ་ནི། 

    དང་བོ། བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་འགག་པ།

    གཉིས་པ། བཤེས་གཉེན་ལ་གུས་པ་སོགས་ཕྱིན་ཅི་མ་ལོག་པའི་བླ་ོསྣ་སྐྱེ་བ།

    གསུམ་པ། ཕྱི་ནང་གསང་བའི་བར་ཆད་མཐའ་དག་ཞི་བ་གསུམ་མོ།།

དང་བོ། ཕྱིན་ཅི་ལོག་གི་བློ་སྣ་ཞེས་པ་ནི་གང་དག་ཡིན་ཞེ་ན། 

        ༼༡༽བཤེས་གཉེན་ལ་མི་གུས་པ།

        ༼༢༽དལ་འབྱོར་ཆུད་གཟོན་པ།

        ༼༣༽འཆི་བ་མི་དྲན་པ།

        ༼༤༽ཚེ་འདིའི་བདེ་ཐབས་ཙམ་བསྒྲུབ་པ།

        ༼༥༽ངན་འགྲོར་མི་འཇིགས་པ།

        ༼༦༽ཡང་དག་པའི་སྐྱབས་མི་འཚོལ་བ།

        ༼༧༽ལས་འབྲས་མི་སེམས་པ།

        ༼༨༽བླང་དོར་ལོག་པར་བསྒྲུབ་པ།

        ༼༩༽འཁོར་བ་བདེ་བར་འཛིན་པ།

        ༼༡༠༽འཁོར་བའི་རྒྱུ་ལས་ཉོན་སྤེལ་བ།

        ༼༡༡༽ཐར་བར་མི་སྤྲོ་བ།

        ༼༡༢༽བསླབ་པ་གསུམ་མི་བསྟེན་པ།

        ༼༡༣༽མར་གྱུར་འགྲོ་བ་རྣམས་ཡལ་བར་འདོར་བ།

        ༼༡༤༽རང་ཉིད་ཁོ་ན་གཅེས་པར་འཛིན་པ།

        ༼༡༥༽ཆོས་ཐམས་ཅད་བདག་གཉིས་སུ་མངོན་པར་ཞེན་པ།

        ༼༡༦༽གསང་སྔགས་ལ་མི་མོས་པ་རྣམས་སོ།།

དེ་དག་ངོས་ཟིན་པ་ན། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་མི་ལྡོག་པའི་དད་གུས་དང་བཅས། ཕྱིན་ཅི་ལོག་གི་བློ་སྣ་འདི་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་འདེབས་པའོ།།

 

གཉིས་པ། ཕྱིན་ཅི་མ་ལོག་པའི་བློ་སྣ་ཞེས་པ་གང་དག་ལ་བྱེད་ཅེ་ན།

        ༼༡༽བཤེས་གཉེན་ལ་དད་གུས།

        ༼༢༽དལ་འབྱོར་ལ་སྙིང་བོ་ལེན་འདོད་པ།

        ༼༣༽འཆི་བ་རྗེས་སུ་དྲན་པ།

        ༼༤༽ཚེ་འདིའི་འདུན་མ་བསྐྱུངས་པ།

        ༼༥༽ངན་སོང་གི་འཇིགས་པ་དྲན་པ།

        ༼༦༽དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ།

        ༼༧༽ལས་འབྲས་བསམས་པ།

        ༼༨༽བླང་དོར་ཚུལ་བཞིན་བསྒྲུབ་པ།

        ༼༩༽འཁོར་བའི་སྐྱོན་མཐོང་བ།

        ༼༡༠༽ལས་ཉོན་སྤོང་བར་འདོད་པ།

        ༼༡༡༽ཐར་བ་དོན་དུ་གཉེར་བ།

        ༼༡༢༽རྣམ་དག་བསླབ་གསུམ་བསྟེན་པ།

        ༼༡༣༽མ་རྣམས་གཅེས་པར་འཛིན་པ།

        ༼༡༤༽རང་ཉིད་ཡལ་བར་འདོར་བ།

        ༼༡༥༽བདག་མེད་པའི་དོན་མཐོང་བ།

        ༼༡༦༽སྔགས་ལ་བློ་མོས་པ་རྣམས་སོ།།

    འདི་དག་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླ་བ་ཏུ་གསོལ་ཞེས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་འདེབས་དགོས།

 

གསུམ་པ། ཕྱི་ནང་གསང་བའི་བར་ཆད་ཅེས་པ་གང་ལ་ངོས་འཛིན་ཞེ་ན།

          ༼༡༽ཕྱིའི་བར་ཆད་ནི། དཔེར་ན་རང་ཉིད་ཡོད་སའི་རྒྱལ་བོ་སོགས་ཀྱིས་རྒྱལ་ཁབ་ཚུལ་བཞིན་མི་སྐྱོང་བ་དང་། འཐབ་རྩོད་འཁྲུགས་ལོང་རྒོད་པ་སོགས་ཕྱིའི་ཁོར་ཡུག་གི་ཆ་ནས་ཆོས་བསྒྲུབ་པའི་བར་ཆད་དུ་འགྱུར་བ་རྣམས་ལ་བའོ།།

        ༼༢༽ནང་གི་བར་ཆད་ནི།  ནད་གདོན་སྡིག་སྒྲིབ་སོགས་ལ་གོ་དགོས། 

        ༼༣༽གསང་བའི་བར་ཆད་ནི། རང་བཞིན་གྱིས་དམ་པའི་ཆོས་ལ་མི་དད་པ་དང་རྒྱུད་འདུལ་དཀའ་བ་སོགས་ལ་བྱེད་དོ།།

    བར་ཆད་འདི་དག་རང་གི་དད་སྟོབས་དང་བླ་མ་ཡི་དམ་དཀོན་མཆོག་གསུམ་གྱིས་བྱིན་རླབས་ལ་བརྟེན་ནས་ཉེ་བར་ཞི་བར་མཛད་དུ་གསོལ་བ་འདེབས་དགོས་སོ།།

༢༠༡༣ ༠༨ ༡༦ ཉིན་བླ་བྲང་བཀྲ་ཤིས་འཁྱིལ་ནས།

 

མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-27 ལྟ་ཀློག (2351)