སྐྱེས་བུ་དམ་པ་ལ་རྗེས་དྲན་བྱེད་སྟངས་ཆེས་མཆོག་ཏུ་གྱུར་བ་ནི་དེའི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན།

༄༅།། སྐྱེས་བུ་དམ་པ་ལ་རྗེས་དྲན་བྱེད་སྟངས་ཆེས་མཆོག་ཏུ་གྱུར་བ་ནི་དེའི་དགོངས་དོན་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན།

     

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

    འོ་སྐོལ་རྣམས་ཀྱིས་སྐྱེས་བུ་དམ་པ་ཞིག་ལ་རྗེས་དྲན་བྱེད་པ་དག་གི་དུས་སུ། ནམ་ཡིན་ཡང་ལེགས་རྩོམ་རེ་བྲིས་ནས་རང་ཉིད་དེ་ལ་ཇི་ལྟར་གུས་པ་ཆེ་ཚུལ་སོགས་བརྗོད་པ་ལ་བྲེལ་བཞིན་འདུག དེ་དག་གི་བླ་ན་མེད་པའི་དགོངས་དོན་དེ་ཉིད་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཕྱོགས་ལ་དོ་སྣང་བྱེད་པ་དེ་ཙམ་མི་ལྡང་བར་གདའ། དྲང་མོར་བཤད་ན། དེ་ནི་རྩ་བ་བོར་ནས་ཡལ་ག་ལ་འཇུས་པ་ཉིད་ལས་མ་འདས་སོ།། གལ་ཏེ་རང་ཉིད་དེ་ལ་མཆོག་ཏུ་གུས་པ་བདེན་ན། ཆེས་མཆོག་ཏུ་གྱུར་བའི་རྗེས་དྲན་བྱེད་ཚུལ་ནི་རང་ནུས་ཅི་ལྕོགས་ཀྱིས་དེའི་བླ་ན་མེད་པའི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་ཨེ་ཐུབ་ལ་འབད་རྒྱུ་དེ་ཡིན།       

    དཔེར་ན་ཉེ་རབས་ཀྱི་རྒྱའི་སློབ་དཔོན་ཆེན་མོ་ཧུང་དབྱིས་ཀྱིས་ཁོང་གི་སློབ་མ་རྣམས་ལ། རྗེས་སུ་གལ་ཏེ་ང་ལ་རྗེས་དྲན་བྱེད་འདོད་ན། རྗེས་དྲན་རྩོམ་ཡིག་འབྲི་མི་དགོས། དེ་དག་ལ་དོན་སྙིང་ཆེན་པོ་མེད། ཅིས་ཀྱང་ང་ལ་རྗེས་དྲན་བྱེད་དགོས་ཟེར་ན། ལྷོ་རིའི་བརྒྱུད་ཀྱི་འདུལ་བ་ལས་ཁྱིམ་པ་ལ་མཁོ་བ་སྟ་གོན་གཟིགས་མོ་ཞེས་པ་འདི་དར་སྤེལ་གཏོང་རོགས།། ཞེས་གདམས་པ་ལྟ་བུའོ།།

    འོ་ན་སློབ་དཔོན་ཆེན་མོ་ཧུང་དབྱིས་ནི་མི་གང་འདྲ་ཞིག་ཡིན་ཞེ་ན། ཁོང་གི་སྐུ་ཚེ་གང་བོ་ནི་ཆེས་ངོ་མཚར་ཞིང་སྒྲུང་ལྟ་བུས་ཁེངས་ཡོད་པ་ཞིག་ཡིན་པས། སྐད་ཆ་ཚིག་གཅིག་གིས་འདི་ལྟ་བུ་ཞིག་རེད་ཅེས་སྡོམ་ཚིག་ཐག་ཆོད་པོ་ཞིག་འགོད་དཀའ་བར་སེམས་སོ།། འོན་ཀྱང་ཁོང་ནི་སློབ་གསོ་བ་དང་། ཡིག་གཟུགས་མཁན། སྒྱུ་རྩལ་བ་སོགས་ཡིན་ལ། དེ་ལས་ཀྱང་བཙུན་པ་ཆེན་པོ་དང་འདུལ་འཛིན་སློབ་དཔོན་ཆེན་པོ་ཞིག་གོ།    

    ཁོང་རབ་ཏུ་མ་བྱུང་གོང་ལ། སྙན་ངག་དང་། ཚིག་དང་། ཡིག་རིས་དང་། རྐོ་འབྲི་དང་། རོལ་དབྱངས་དང་། ཟློས་གར་དང་།  རྩོམ་རིག་བཅས་ལ་བྱང་ཞིང་ཐོགས་པ་མེད་པ་ཞིག་ཏུ་ཡོངས་སུ་གྲགས། དེ་ལྟར་སློབ་དཔོན་ཆེན་པོ་འདི་སྔར་ནས་ཡོན་ཏན་གྱིས་ཡོངས་སུ་ཕྱུག་པ་དེ་ལྟ་བས་ན། རིག་གནས་སྒྱུ་རྩལ་གྱི་ཁྱབ་ཁོངས་མང་པོ་ཞིག་ཏུ་སྲོལ་གཏོད་པ་ལྟ་བུའི་གྲས་ན་ཡོད་པ་ཞིག་གོ།    

    ཁོང་གི་ཡིག་གཟུགས་སྒྱུ་རྩལ་དེ་ཡང་ལྷད་མེད་ཅིང་ཕུན་སུམ་ཚོགས་པའམ། རང་བྱུང་ལྷུན་ཆགས་ཀྱི་ཚད་ལ་སོན་པས། སྐུ་ཞབས་ལུའུ་ཞུན་དང་ཀུའོ་མོ་རུའོ་ལྟ་བུའི་རིག་གནས་པ་གྲགས་ཅན་དུ་མས་ཀྱང་ཁོང་གིས་བྲིས་པའི་ཡིག་གཟུགས་གཅིག་ཐོབ་པའང་གཟི་བརྗིད་དུ་བརྩིས་པ་ལྟ་བུ་ཡིན་ལ། ཁོང་ནི་ནུབ་ཕྱོགས་ཀྱི་རོལ་དབྱངས་དེ་ཆེས་ཐོག་མར་ཀྲུང་གོའི་མངའ་ཁོངས་སུ་བརྒྱུད་སྤེལ་བྱེད་མཁན་ཡང་ཡིན་པར་གྲགས། ཁོང་གིས་གསར་དུ་བརྩམས་པའི་གྱེས་ཁའི་སྐྱེལ་གླུ་ཞེས་པ་དེ་ལོ་བཅུ་ཕྲག་ཁ་ཤས་ལ་བསྒྲགས་ཤིང་སྤེལ་བས་ཚད་དང་ལྡན་པའི་རོལ་དབྱངས་གྲགས་ཅན་ཞིག་ཏུ་གྱུར་བ་རེད།      

    སློབ་དཔོན་ཆེན་མོ་ཧུང་དབྱིས་རབ་ཏུ་མ་བྱུང་གི་མཚན་ལ་ལིས་ཧྲུའུ་ཐོན་ཟེར་ཞིང་། མི་བརྒྱུད་དེད་ན་ཀྲེ་ཅང་ཕིན་ཧུ་ཞེས་པའི་ས་ནས་ཡིན་པར་བཤད། སྤྱི་ལོ་༡༨༨༠ལོ་སྟེ། གོང་མ་ཀོང་ཞུས་སྲིད་ལོ་དྲུག་པ་ལྕགས་བྱི་ལོའི་ཟླ་༡༠བའི་ཚེས་༢༣ཉིན་ནམ། ལུགས་རྙིང་ཟླ་༩བའི་ཚེས་༢༠ཉིན་གྱི་འབྲུག་གི་དུས་སུ་ཐེན་ཅིན་དུ་འཁྲུངས།      

    ཁོང་རབ་ཏུ་བྱུང་གོང་། ཤར་གྱི་རྒྱ་མཚོ་བརྒལ་ནས་ཉི་ཧོང་ལ་སོང་སྟེ་ཆེད་དུ་ནུབ་ཕྱོགས་ཀྱི་སྒྱུ་རྩལ་སྦྱངས་པར་མ་ཟད། རང་རྒྱལ་དུ་དེ་ལྟར་སྦྱོང་མཁན་གྱི་སློབ་མའི་ཐོག་མའང་ཡིན་ནོ།།      

    ༡༩༡༨ལོར། དགུང་ལོ་སོ་དགུ་བཞེས་པའི་ལིས་ཧྲུའུ་ཐོན་སྟག་འབྲོ་དགོན་དུ་ཕེབས་ནས་ལོ་སར་གྱི་དུས་སྐབས་འདའ་བར་མ་ཟད།བཙུན་པ་ཆེན་པོ་རྟོགས་ལྡན་བླ་མར་བསྟེན་ནས་ཁྱིམ་པ་སློབ་མར་གྱུར་ཅིང་། མཚན་ལ་སྒྲ་འཁྲབ་དང་། མཚན་གཞན་ཧུང་དབྱིས་སུ་བཏགས། ཞིང་རྩིས་ཀྱི་ཟླ་༧ཚེས་༡༣ཉིན། སྟག་འབྲོ་ཏིང་འཛིན་ཤེས་རབ་དགོན་ནས་དངོས་སུ་རབ་ཏུ་བྱུང་། ལོ་དེའི་ཟླ་དགུ་བར་ལིན་དབྱིན་དགོན་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས།     

    ༡༩༣༩ལོའི་ཟླ་བཞི་བར། དགུང་ལོ་༦༠ལ་ཕེབས་པའི་བཙུན་པ་ཆེན་པོ་ཧུང་དབྱིས་ཕེང་ཧུའུ་ཕིས་ཧྥུན་ཀུན་སྐྱོང་དགོན་དུ་བཞུགས་ནས་སྒོམ་སྒྲུབ་མཛདཅིང་། ལྷོ་རིའི་འདུལ་བ་ལས་་ཁྱིམ་པ་ལ་མཁོ་བ་སྟ་གོན་གཟིགས་མོའི་ལེའུ་སོགས་བསྟན་བཅོས་དུ་མ་བརྩམས།   

    ༡༩༤༢ལོའི་ཟླ་༡༠བའི་ཚེས་༢ཉིན་གྱི་ཕྱི་དྲོར། སྐུ་ལུས་ལ་ཚ་བ་ཅུང་ཟད་རྒྱས་ནས་རིམ་བཞིན་སྐུ་བསྙུང་བའི་རྣམ་པ་བྱུང་། ཟླ་༡༠པའི་ཚེས་༧ཉིན་སློབ་དཔོན་པད་མཆོག་མདུན་དུ་བོས་ནས་ཉལ་ཁང་དེར་ཞལ་ཆེམས་བྲིས། ཟླ་༡༠བའི་ཚེས་༡༠ཉིན་གྱི་ཕྱི་དྲོར། དགའ་སྐྱོ་བསྣོལ་མ་ཞེས་པའི་ཡི་གེ་བཞི་བྲིས་ནས་སློབ་དཔོན་པད་མཆོག་ལ་གནང་། ཟླ་༡༠བའི་ཚེས་༡༣ཉིན་གྱི་དགོང་མོའི་ཆུ་ཚོད་༧དང་སྐར་མ་༤༥སྟེང་། དབུགས་གཏོང་ལེན་བྱེད་པ་ཇེ་མགྱོགས་སུ་སོང་སྟེ། ཆུ་ཚོད་༨པ་ལ་ཆོན་ཀྲུའུ་རུ་སྐུ་གཤེགས་ཤིང་། དགུ་ལོ་རེ་གསུམ་བཞེས།     

    སློབ་དཔོན་ཆེན་མོ་ཧུང་དབྱིས་ཀྱིས་ནང་རིག་ལ་བཞག་པའི་མཛད་རྗེས་ནི་དཔག་ཏུ་མེད་པ་ཞིག་ཡིན་མོད། འོན་ཀྱང་ངེས་པར་དུ་གལ་འགངས་ཤིན་ཏུ་ཆེ་བའི་བྱས་རྗེས་དེ་གང་རེད་འདེམས་དགོས་ཟེར་ན། གཙོ་བོ་ཁོང་གིས་འདུལ་ཁྲིམས་ལ་ཞིབ་འཇུག་དང་དར་སྤེལ་བཏང་བ་དེས་མཚོན་ཆོག་ཅེས་བཤད་ཀྱང་རུང་བར་སེམས་སོ།།    

    སློབ་དཔོན་ཆེན་མོ་ཧུང་དབྱིས་གྱིས་སྐུ་ཚེགས་དཀའ་ལས་ལ་མ་འཛེམས་པར་འདུལ་བའི་གཞུང་ལུགས་ལ་ཞིབ་འཇུག་དང་ཟབ་སྦྱོང་གནང་ནས་དར་སྤེལ་མཛད། རང་ཉིད་ཀྱིས་ཁས་བླངས་པའི་སྡོམ་ཁྲིམས་རྣམས་མིག་འབྲས་བཞིན་སྲུང་བ་དང་། དེ་ཉིད་འཆད་རྩོམ་དང་ལག་ལེན་གྱི་སྒོ་ནས་གསལ་བར་མཛད་ཅིང་རྒྱས་པར་གནང་། མདོར་ན་ཁོང་ནི་ཉེ་རབས་རྒྱ་བརྒྱུད་ནང་བསྟན་གྱི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ནང་བསྟན་པའི་ཁྲོད་ནས་ཀྱང་སྐྱེས་ཆེན་དམ་པའི་གྲས་སུ་བགྲང་ཆོག་ཆོག་ཅིག་ཡིན་ནོ།།   

    ལྷོ་རིའི་བརྒྱུད་ཀྱི་འདུལ་བ་ལས་ཁྱིམ་པ་ལ་མཁོ་བ་སྟ་གོན་གཟིགས་མོ་ཞེས་པའི་བརྩམས་ཆོས་ནི་ཇི་འདྲ་ཞིག་ཡིན་ཞེ་ན།  འདི་ནི་རྒྱ་བརྒྱུད་ནང་བསྟན་ལ་འཇུག་པའི་སྒོ་ལྟ་བུར་ཡོད་པའི་དཔེ་ཆ་ཞིག་ཡིན་ལ། སློབ་དཔོན་ཆེན་མོ་ཧུང་དབྱིས་ཀྱིས་ལྷོ་རིའི་བརྒྱུད་ཀྱི་འདུལ་གཞུང་ལས་ཁྱིམ་པ་ལ་ཉེ་བར་མཁོ་བའི་ཆོས་སྤྱོད་ཁ་ཤས་བདམས་ཏེ་བྲིས་པ་ཞིག་རེད།  ་དཔེར་ན་ཁྱིམ་པ་དགེ་སྦྱོར་ལ་བརྩོན་པ་རྣམས་ཀྱིས་ཇི་ལྟར་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་ཚུལ་དང་མཆོད་རྟེན་བཞེངས་ཚུལ་སོགས་གསུངས་པ་ལྟ་བུ་ཡིན་ལ། དེ་ཡང་དོན་ཚན་དྲུག་ཏུ་དབྱེ་ནས་འཆད་པ་སྟེ།

    དང་བོ། སངས་རྒྱས་དཀོན་མཆོག་ལ་ཇི་ལྟར་དད་པ་བྱེད་སྟངས། 

    གཉིས་པ། དགོན་པའི་ནང་དུ་ཇི་ལྟར་འགྲོ་ཚུལ། 

    གསུམ་པ། སྐུ་གཟུགས་མཆོད་རྟེན་སོགས་ཇི་ལྟར་བཞེངས་ཚུལ། 

    བཞི་བ། ནད་པ་དག་ལ་ཇི་ལྟར་ལྟ་སྐྱོང་བྱེད་ཚུལ། 

    ལྔ་བ། ཆོས་མིན་རྣམས་ཇི་ལྟར་སྤོང་ཚུལ། 

    དྲུག་པ། ཅིའི་ཕྱིར་རབ་ཏུ་བྱུང་བའི་དམིགས་ཡུལ་ལོ།།

 

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་རྒྱ་ཡིག་ནས་བསྡུས་ཏེ་བྲིས་པའོ།།

 

མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-27 ལྟ་ཀློག (2700)