ཤམ་བྷ་ལའི་སྐུ་མགྲོན་གྱི་སྔོན་འགྲོའི་གཏམ།

༼ཤམ་བྷ་ལའི་སྐུ་མགྲོན༽གྱི་སྔོན་འགྲོའི་གཏམ།

 

 བཛྲ་ཚུལ་ཁྲིམས་རྒྱ་མཚོས།

    ༼ཤམ་བྷ་ལའི་སྐུ་མགྲོན།༽ཞེས་པའི་དེབ་འདི་ནི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སློབ་མཐར་ཕྱིན་ཁར་བྲིས་པ་སྟེ། ལོ་ངོ་དུ་མར་སྦྱངས་བརྩོན་བྱས་པའི་སྦྱངས་འབྲས་ཀྱི་མེ་ཏོག་ཀུན་ནས་དཀྲིགས་པའི་སྐྱེད་ཚལ་དང་། རང་རང་གི་རྣམ་དཔྱོད་བང་རྩལ་འགྲན་སའི་དོ་ར་དང་། ཐུན་མིན་གྱི་བསམ་བློའི་ཁ་ཕྱོགས་གླེང་བའི་གླེང་སྟེགས་ཤིག་རེད། དེ་ཡང་སློབ་མ་རང་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཚིག་བཅད་ལྷུག་ཅི་རིགས་ལས་གྲུབ་པའི་སྙན་རྩོམ། དབྱིན་རྒྱ་ཅི་རིགས་ལས་བསྒྱུར་བའི་སྒྱུར་རྩོམ། བསམ་གཞིག་སྣ་ཚོགས་ལས་ཐོན་པའི་དཔྱད་རྩོམ་སོགས་སྣ་འཛོམས་རང་བཞིན་གྱི་དཔེ་དེབ་ཕུན་སུམ་ཚོགས་པ་ཞིག་ཡིན།

    རྩོམ་ཡིིག་སྤྱི་དང་ལྷག་པར་དཔྱད་རྩོམ་རྣམས་ཀྱི་ཕྱོགས་ནས་བལྟས་ན་ལོ་ཆུང་ཞིང་དཔྱད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་ཆ་ཡང་མི་ཉུང་བ་རེ་ཡོད་པ་ནི་སྨོས་མ་དགོས་མོད། འོན་ཀྱང་ཕལ་ཆེ་བར་དེང་རབས་ཀྱི་སློབ་གྲྭ་ཆེན་མོ་བ་རྣམས་ལའང་མཐོང་བར་དཀའ་བའི་བླ་ན་མེད་པའི་བསམ་བློ་མཆོག་གིས་ཕྱུག་པའི་ཁྱད་ཆོས་རེ་རང་ཆས་སུ་མངོན་པ་ནི་ཅི་འདྲའི་ངོ་མཚར་ཞིང་དགའ་བར་འོས་པ་ཞིག་རེད་ཨང་། འདི་དག་ལས་མང་ཆེ་ཤོས་ནི་ལོ་ངོ་བཞི་ལྔ་ཙམ་ཞིག་གི་སྔོན་དུ་རྩོམ་འབྲི་རྒྱུ་ཕར་ཞོག ཡི་གེའི་དག་ཆ་ཙམ་ལའང་བློ་ཁ་མ་ཕྱོགས་པའམ། ཡང་ན་ལ་ལ་ནི་རྒྱ་བོད་ཀྱི་རྡོག་མ་གཅིག་ཀྱང་འདོན་མི་ཤེས་པ་ཤ་སྟག་ཡིན། བགྲང་བྱ་བཞི་ལྔ་ཙམ་སོང་བའི་དེ་རིང་རྩོམ་རིག་གི་གར་སྟེགས་སྟེང་ནས་རང་བློའི་འགྱུར་བ་སྣ་ཚོགས་ཚིག་གི་རོལ་གར་ལས་སྟོན་ཐུབ་པའི་རྩོམ་པ་བོར་གྱུར་བར་མ་ཟད། བསམ་བློའི་འཁོར་ཕྱོགས་ཀྱི་ཆ་ནས་རང་ཉིད་ཀྱི་ལྟོ་རྒྱབ་ཙམ་དང་། ཕོ་མོའི་བརྩེ་དུང་ཙམ་མམ། རང་ཁོ་ནའི་བདེ་ཐབས་ཙམ་གྱི་ཆེད་དུ་སྣོད་བཅུད་ཀུན་ལ་གཏོར་བརླག་ཅི་ཐེབས་སུ་བརྩོན་པ་སོགས་སྨད་པར་བྱ་བའི་གནས་སུ་རིག་ཅིང་། རང་རིགས་སྤྱིའི་ལ་རྒྱ་དང་དར་རྒུད། འགྲོ་བ་མིའི་རིགས་ཡོངས་ཀྱི་འཕྲལ་ཕུགས་གཉིས་སུ་ཞི་བདེ་འབྱུང་བའི་གཞི་རྩ་སོགས་ལ་བསམ་བློ་གཏོང་ཤེས་ཤིང་བཤད་ནུས་པ་ནི་དངོས་གནས་ངོ་མཚར་ཆེའོ།།

    སྤྱིར་རང་རེའི་བོད་མི་རིགས་ནི་སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་དམ་པའི་ལྷ་ཆོས་ཀྱིས་སྲོག་རྩ་བརྟན་པོར་བཟུང་བའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཡོངས་སུ་ཕྱུག་པའི་མི་རིགས་ཤིག་སྟེ། འཛམ་གླིང་ཤེས་རིག་དར་བའི་རྒྱལ་ཁབ་སུ་ལའང་ངོ་གནོང་མི་དགོས་ཤིང་དོན་དངོས་ཀྱི་རིན་ཐང་སྲིད་པའི་མཐར་ཡང་ནུབ་པ་མེད་པའི་བོད་ཀྱི་ཤེས་རིག་ནི་བསྐལ་བ་ཇི་སྲིད་ཀྱི་བར་རང་ཅག་གི་གཟི་བརྗིད་དུ་བརྩི་རིགས་ཤིང་བརྩི་དགོས་པ་ཞིག་ཀྱང་ཡིན་མོད། འོན་ཀྱང་འཇིག་རྟེན་ཡོངས་ལ་འཕོ་འགྱུར་བྱུང་བ་དང་ཆབས་ཅིག་ཤེས་བྱ་རིག་པའི་གནས་དང་མིའི་རིགས་ཀྱི་བསམ་བློའི་འཛིན་སྟངས་དང་མི་ཚེའི་རིན་ཐང་སོགས་གང་ཅིའི་ཐད་ནས་ལྟ་ཚུལ་དང་འགྲེལ་ཚུལ་ཡོངས་སུ་འགྱུར་བའི་དུས་རབས་འདིར། ང་ཚོས་ད་དུང་གནའ་བོའི་རིག་གནས་ཀྱི་གཟི་བརྗིད་ཁོ་ན་ངོམ་བཞིན་གསར་བྱུང་གང་ཡང་དགོས་མེད་མཁོ་མེད་དུ་བསམས་ནས་གསར་དར་གྱི་རིག་པ་གང་ཡང་མ་བསླབས་ན་སྔར་ཡོད་ཀྱི་རིག་གནས་རིན་ཐང་ཡང་གཞན་ལ་ངོ་སྤྲོད་བྱེད་མི་ཐུབ་པས་དེ་ཡང་ནུབ་འགྲོ་བར་མ་ཟད། དུས་རབས་ཀྱི་འཕེལ་འགྱུར་ལ་རྒྱབ་ཀྱིས་ཕྱོགས་པས་རྗེས་ལུས་ཀྱི་གཤོང་དུ་ཞེ་སྡང་དང་ཕྲག་དོག་གི་མེ་ལྕེས་རང་ཉིད་གདུང་བཞིན་སྡོད་རྒྱུ་ཙམ་ལས་ཅི་ཡང་མི་འགྲུབ། དེའི་ཕྱིར་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་རང་རེའི་ངོ་མཚར་བའི་རིག་གནས་ཕུན་སུམ་ཚོགས་པའི་རིན་ཐང་ཡང་དག་པར་ངོ་སྤྲོད་བྱས་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་ཤིན་ཏུ་དོ་གལ་ཆེ་བས་བལྟ་ས་དགོས་ན་སྔོན་བྱོན་མཁས་གྲུབ་དག་གིས་བརྩམས་ཟིན་པ་བྲག་རིའི་ཚུལ་དུ་ཡོད་པ་དེ་རེད། ཁྱོད་ཀྱིས་གསར་དུ་འབྲི་ཁུལ་བྱས་པར་སུ་ཞིག་གིས་བལྟ་བར་འགྱུར།ཕན་པ་ཅི་ཞིག་ཡོད་ཅེས་ཟེར་བའང་ཕྱོགས་རེ་མཐོང་བའི་མིག་ཅན་དུ་ཤེས་པར་བྱའོ།།

    འོན་ཀྱང་དུས་རབས་དང་བསྟུན་ཆེ་བའི་རྩོམ་ཉོག་ཤ་སྟག་གིས་རྩོམ་རིག་གི་གར་སྟེགས་ཡོངས་སུ་བཟུང་ན་ནང་དོན་ཟབ་ཅིང་རིན་ཐང་ལྡན་པའི་གནའ་རྩོམ་ལ་བལྟ་བའི་གེགས་སུ་འགྱུར་བ་གདོན་མི་ཟ་བས་ཟོན་བྱེད་དགོས་ཏེ། ཀེ་རི་སིའི་ལོ་རྒྱུས་སྨྲ་བ་ཧེ་རོ་རྡོ་ཊི་Hero dotus 希罗多德)ཞེས་བྱ་བས་འདི་ལྟར་བཤད་དེ། པར་ཟིག་གི་རྒྱལ་བོ་སའེ་སིས་སིXerxes 辞西斯)ཞེས་བྱ་བ་ཞིག་ཡོད་པ་དེས་རང་ཉིད་ཀྱི་དཔའ་མཛངས་རྟུལ་ཕོད་ལྡན་པའི་འབུམ་སྡེ་དམག་གི་དཔུང་ཚོགས་ལ་ལྟ་བཞིན་ལོ་བརྒྱ་ཕྲག་ཙམ་གྱི་རྗེས་སུ་ཤ་རུས་ཡོངས་རྫོགས་ས་སེར་སྙིམ་གང་དུ་གྱུར་ཟིན་པའི་ལས་དབང་ལས་མི་གཅིག་ཀྱང་ཐར་མི་སྲིད་པའི་ངང་ཚུལ་བསམ་ཞིང་སྐྱོ་སྟེ་མཆིི་མ་ཆར་བཞིན་བབས་ནས་དུས་སོ་ཟེར། གཏམ་རྒྱུད་དེ་རང་ཅག་གི་རྩོམ་རིག་ལ་སྦྱར་ནས་བསམ་ན་ད་ཕན་ལོ་བཅུ་ཕྲག་ཙམ་འགོར་ཚེ་སྔོན་བྱོན་མཁས་པའི་བརྩམས་ཆོས་ཁྱད་པར་དུ་འཕགས་པ་དེ་དག་ཐེངས་གཅིག་ཀློག་མཁན་ཞིག་ཀྱང་མེད་པར་ས་རྡུལ་གྱི་ཁྲོད་ལུས་རྒྱུ་ཡིན་ན་ཇི་འདྲའི་ཡིད་ཕངས་ཤིང་སྐྱོ་བ་ཞིག་རེད་ཨང་།

    རྩོམ་རིག་གི་རྣམ་པ་ཡང་མིའི་གཤིས་ལུགས་དང་ཡོངས་སུ་མཚུངས་ཏེ། དཔེར་ན་འཇིག་རྟེན་གྱི་མཐའ་དབུས་གང་ནས་བལྟས་ཀྱང་ངོ་ཚ་དང་ཁྲེལ་གཞུང་ཞན་པའི་དམུ་རྒོད་དུ་མ་ཤ་རུལ་གྱི་སྦྲང་བུ་བཞིན་གྲུ་ཟུར་ཀུན་ཏུ་གང་ཞིང་སྤྱི་ཚོགས་ལ་གནོད་ཅིང་འཚེ་བར་བྱེད་དོ།། དེ་བཞིན་དུ་རྩོམ་རིག་ཁྲོད་ནའང་ཆགས་སྡང་ཁོ་ན་བརྗོད་བྱའི་སྙིང་བོར་བཟུང་ནས་ཉེས་བཤད་དུག་གི་ཚེར་མ་གང་སར་མཆེད་པས་ཡང་དག་པའི་རྩོམ་རིག་གི་ཚེ་སྲོག་ལ་ཀུན་ནས་རྒོལ་ལོ།། ལྷག་པར་དུ་ཉེ་བའི་ལོ་ཤས་ཀྱི་རིང་དུ་ཇེ་མང་ཇེ་མང་རེད། དེ་དག་གི་དམིགས་ཡུལ་མཐར་ཐུག་ནི་ཐོབ་དང་གོ་ས། རྒྱུ་དང་འབྱོར་བ་ཙམ་སྟེ་གནས་སྐབས་ལས་རྒྱང་རིང་མཐོང་བའི་བློ་མིག་ལྡོངས་པ་ཤ་སྟག་ཡིན་ནོ།། འོན་ཀྱང་རྩོམ་པ་བོ་དེ་རིགས་ནི་གཡོ་སྒྱུ་ཆེ་ཞིང་ཕན་སེམས་ཆུང་བས་གཞན་གྱི་གཤིས་རྒྱུད་འདུལ་ཞིང་ལེགས་ལམ་རྙེད་པའི་ཐབས་ལས་གོ་ལྡོག་སྟེ་ཚིག་གང་སྙན་གྱིས་ཡོངས་སུ་བྲིད་ནས་དུས་བསྟུན་རྩོམ་གསར་ཁོ་ན་སྤེལ་ཅི་ཐུབ་ལ་འབད་ཅིང་ཀློག་པ་བོ་མི་ཉུང་བ་ཞིག་གི་དུས་ཚོད་ཆུད་ཟོས་སུ་བཏང་བ་ནི་ཇི་འདྲའི་ཁྲེལ་གཞུང་མེད་པ་ཞིག་དང་ཀློག་མཁན་དག་ཀྱང་ཇི་འདྲའི་སྙིང་རྗེ་བའི་གནས་ཤིག་རེད་ཨང་།

    དེ་ལྟར་རང་བདེ་གཞན་ཕམ་དང་ཡོད་ཚད་སྒོར་མོ་བཤད་ཚད་རང་དོན་ལས་མི་འདའ་བའི་དུས་རབས་འདི་ལྟ་བུ་ཞིག་ལ་སྤྱིར་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་སྡུག་དང་། སྒོས་བོད་རིགས་ཀུན་གྱི་དར་རྒུད་ལ་ལྷག་བསམ་དཀར་བའི་ན་གཞོན་རྩོམ་པ་བོ་ཁྱུ་གཅིག་འདི་ལྟར་འཚར་ལོངས་བྱུང་བ་ནི་ངེས་པར་དོན་བཟང་ཞིག་གོ་སྙམ་པས་ཀུན་ནས་བསླངས་ཏེ་ཁོ་ཚོའི་བསམ་བློ་དང་རྩོམ་ཉམས་གང་ལའང་བསྒྱུར་བཅོས་ཆེན་པོ་མ་བྱས་པར་རང་སོར་བཞག་གོ། དེས་ན་གཞོན་སྐྱེས་འདི་དག་གི་ལྷག་བསམ་དང་སྙིང་སྟོབས་གསེང་ན་མ་འོངས་པའི་ཡར་རྒྱས་མངོན་ཞིང་། རི་མགོའི་དར་ལྕོག་བཞིན་ཡོད་ཚད་གཞན་རྗེས་སྙེག་པའི་ལད་ཟློས་དོར་ཏེ། གང་བཤད་ཡང་དག་པའི་གཏམ་ཚིགས་ཀྱི་སྒྲུབ་བྱེད་འཚོལ་བའི་བརྟན་ཆ་འདི་ལས་མ་འོངས་པའི་རྒྱུན་འཛིན་གསལ་བས་དགའ་བར་རིགས་སོ་བོད་རིགས་སྤུན་ཟླ་ཀྱེེ།

    ཞེས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་མིང་འཛིན་པ་བཛྲ་ཚུལ་ཁྲིམས་སམ་མི་ཕམ་ཚངས་སྲས་རིག་པའི་རལ་གྲིར་འབོད་པས་རྨ་རྒྱལ་གངས་རིའི་ཉེ་འདབས་རྨ་ཀླུང་སྔོན་མོའི་ཉེ་འགྲམ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་རང་སྤྱིལ་ལྔ་རིག་འོད་སྣང་འཁྱིལ་བའི་གུར་ཁང་ནས་ཤར་མར་སྤེལ་བའོ།།

༢༠༠༣ ༤ ༣༠ཉིན། 

མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-27 ལྟ་ཀློག (2875)