རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་དགེ་རྒན་དུས་ཆེན་ལ་ཕུལ་བའི་འཕྲིན།


དགེ་རྒན་གྱི་དུས་ཆེན་ལ་འཚམ་འདྲི་དང་རྟེན་འབྲེལ་ཞུ།

སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།

      ལྷག་བསམ་གྱི་རྔུལ་ཆུ་དཀར་བོས་འཛམ་གླིང་གོ་ལ་ཟླུམ་པོའི་ས་རྡུལ་ཐམས་ཅད་བརླན་པར་བྱེད་པའི་དགེ་རྒན་རྣམ་པ་དང་།  མངོན་དུ་མ་གྱུར་བའི་དཀའ་སྡུག་ཁྲི་ཕྲག་གི་ཀློང་ནས་ལུས་སེམས་མི་རིགས་ལ་འབུལ་བཞིན་པའི་ལས་བཟོ་བ་རྣམ་པ། དེ་རིང་ནི་ངེད་ཅག་ཐུན་མོང་གི་དུས་ཆེན་ཁྱད་པར་བ་སྟེ།  འཛམ་གླིང་གི་དགེ་རྒན་དུས་ཆེན་སྐབས་སོ་དྲུག་པའི་ཉིན་མོ་ཡིན།  འདས་པའི་མི་ལོ་མང་བོ་ཞིག་ལ་དེ་རིང་གི་ཉི་མ་འདིར་ངེད་ཅག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་དང་ལས་བཟོ་བ་རྣམས་ལྷན་གཅིག་ཏུ་དགེ་རྒན་གྱི་དུས་ཆེན་ལ་མཉམ་རོལ་བྱས་ཏེ། གླུ་ལེན་གར་རྩེ་དང་མཚར་གཏམ་སློབ་གསོ་བཅས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས་དགའ་སྤྲོའི་ངང་དུས་ཆེན་བསུས།  ཐེངས་འདིའི་དུས་ཆེན་ནི་རང་ཉིད་གཅིག་བུས་སྲང་ལམ་འགྲིམས་ཤིང་དཔོན་ཆེན་གྱི་སྒོ་ཁ་བསྲུངས་ནས་འདུག་དགོས་པ་བྱུང་།  ཡིན་ན་ཡང་ང་ཚོ་ལ་དགོས་པ་ནི་གཞན་ཕན་དང་དྲང་བདེན་ཡིན་པ་ལས་རྩོད་གླེང་དང་ཧབ་ཐོབ་གཏན་ནས་མིན།  རྣམ་པ་ལྷན་རྒྱས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་བཟང་བོ་ཞིག་རོལ་དང་། བདེན་པ་རྒྱལ་ལ་རྫུན་པ་ཕམ་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན།  

      དགེ་རྒན་དང་ལས་བཟོ་བ་རྣམ་པ།  ངས་གནའ་མཁར་ཟི་ལིང་དུ་ཁྱེད་ཅག་ལ་འཚམ་འདྲི་དང་རྟེན་འབྲེལ་ཞུ།  ཁྱེད་ཅག་ནི་སློབ་གྲྭ་མིང་སྲིང་གཉིས་ཀྱི་བདག་པོ་སྟེ།  ཆུང་བྱིས་པ་རྣམས་ཀྱི་ཡ་ཁ་འཕྱིད་མཁན།  མར་ཉལ་བའི་དུས་ཀྱི་ཉལ་ཐུལ་འགེབས་མཁན།  ཡར་ལངས་པའི་དུས་ཀྱི་ཅོང་བརྡ་གཏོང་མཁན།  ལྟོགས་དུས་ཟས་སྟེར་མཁན།  སྐོམ་དུས་ཇ་ལྡུད་མཁན།  ན་དུས་སྨན་འཚོལ་མཁན་བཅས་ཡིན་པས། ཁྱེད་ཚོ་མེད་ན་སློབ་མ་འདི་དག་གི་འཚོ་བའི་ལམ་སྟོན་སུ་ཡིས་བྱེད།  ལམ་ནོར་བའི་དུས་སུ་ཁ་ཏ་བྱེད་མཁན།  སློབ་པའི་དུས་སུ་མཛུབ་ཁྲིད་བྱེད་མཁན།  མ་རིག་པའི་མུན་སེལ། ལམ་སྟོན་གྱི་སྒྲོན་མེ།  འདི་ཕྱི་ཡི་སྐྱབས་མགོན།  ཁྱེད་ཚོ་མེད་ན་སློབ་མ་འདི་དག་གི་སློབ་གསོ་ཡི་ལམ་སྟོན་སུ་ཡིས་བྱེད།  ངས་འདིར་སློབ་མ་རྣམས་ཀྱི་ཚབ་བྱས་ཏེ། ཁྱེད་ཅག་གིས་འོ་བརྒྱལ་མྱངས་སོང་།  ཐུགས་རྗེ་ཆེ་ཞེས་འཚམ་འདྲི་བྱས་པ་ཡིན།  ད་རུང་ཁྱེད་ཅག་ལ་རྟེན་འབྲེལ་ཞུ་དགོས།  ཁྱེད་ཅག་གིས་ལོ་མང་ལ་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་པའི་འབྲས་རྟགས་ལ་རྟེན་འབྲེལ་ཞུ།  དགེ་རྒན་དུས་ཆེན་ལ་རོལ་བ་ནི་གླུ་གར་རོལ་མོ་སོགས་རིག་རྩལ་རྩེ་བ་དང་ཇ་ཆང་ཤ་མར་སོགས་ཟས་རིགས་ཞིམ་པོ་ཞིག་ལ་རོལ་བ་ཙམ་མ་ཡིན་པར་གཙོ་བོ་ང་ཚོ་རང་ཉིད་ཀྱིས་བསྒྲུབས་པའི་བྱ་བ་ལ་གྲུབ་འབྲས་ཐོབ་པར་དགའ་དགའ་སྤྲོ་སྤྲོ་བྱེད་པ་དེ་ཡིན། 

     འཛམ་གླིང་དུ་དགེ་རྒན་དུས་ཆེན་ཞེས་པ་ཞིག་གཏན་འབེབས་བྱས་པ་ནི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་གསོའི་བྱ་བའི་ཐད་བཞག་པའི་བྱས་རྗེས་བླ་མེད་ལ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ངོས་ལེན་བྱས་པའི་མཚོན་བྱེད་ཅིག་ཡིན་ལ།  དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པ་ནི་རང་རེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་ཙམ་དུ་མ་ཟད།  མིའི་རིགས་ཀྱི་རིག་གནས་དང་བསམ་བློའི་ཆུ་ཚད་ཇེ་མཐོ་རུ་ཕྱིན་པའི་དན་རྟགས་བཟང་བོ་ཞིག་ཀྱང་རེད།   ང་ཚོ་དགེ་རྒན་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པ་དང་དགའ་དགོས་པ་ཞིག་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཚན་རིག་གོང་འཕེལ་དུ་འགྲོ་བཞིན་པ་འདི་དག་དགེ་རྒན་གྱི་བཀའ་དྲིན་ཡིན་ཏེ།  དགེ་རྒན་མ་བསྟེན་པའི་ཚན་རིག་པ་དང་དམག་དོན་པ།  ཆབ་སྲིད་པ་ཞིག་གནས་གང་དུ་ཡང་མེད་དོ།  ། དེའི་ཕྱིར་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་དར་རྒྱས་སུ་སོང་བའི་རྨང་གཞིའི་ནང་གི་རྨང་གཞི་ནི་ང་ཚོ་དགེ་རྒན་རྣམས་ཀྱི་བྱས་རྗེས་ཡིན་པས་རང་ཉིད་ཀྱི་གཟི་བརྗིད་དུ་ངེས་པ་རྙེད་དགོས།  མཐར་རེ་བ་ཞིག་ཡོད་པ་ནི།  རང་ཉིད་དགེ་རྒན་ཡིན་ཡང་དགེ་རྒན་ཞེས་པ་ཇི་ལྟ་བུ་ཞིག་ཡིན་འོས་པ་དེ་ངོ་མ་ཤེས་ན་མི་རུང་བས།  ཐོག་མར་དགེ་རྒན་ཞེས་པ་འདི་ལ་ངོས་འཛིན་ཡང་དག་ཅིག་དགོས།  དགེ་རྒན་ལ་ལ་ཞིག་གི་སེམས་ནང་དུ་སློབ་མ་ཚོའི་ཆེད་དུ་མི་ཚེའི་ཕྱེད་ཀ་ལ་དཀའ་ལས་མང་བོ་མྱངས་སོང་བསམ་ཡོད་ངེས།  དཀའ་ལས་མྱངས་པ་ངོ་མ་ཡིན་མོད།  དཀའ་ལས་དེ་དག་སློབ་མ་ཚོའི་དོན་རྐྱང་རྐྱང་ག་ལ་ཡིན་ཏེ། ཆོས་པ་ཞིག་གི་ཆ་ནས་བཤད་ན།  སློབ་ཁྲིད་ཐེངས་གཅིག་ལ་རང་ཉིད་ཀྱིས་ཅི་ཤེས་རྣམས་སྦ་གསང་མེད་པར་ལྷག་བསམ་རྣམ་དག་གིས་སློབ་མའི་རྒྱུད་ལ་འཇོག་ཅི་ཐུབ་བྱས་ཏེ་སློབ་མ་ཚོས་མ་ཤེས་པ་རྣམས་ཤེས་སུ་བཅུག་ན་ནི་སྦྱིན་པ་བཏང་བའི་གྲས་སུ་འགྲོ་བས་ཚེ་འདི་ཕྱི་གཉིས་ཕན་གྱི་དགེ་བའི་ཚོགས་རླབས་པོ་ཆེ་བསགས་པ་ཡིན།  ཆོས་དང་མ་འབྲེལ་བའི་ཆ་ནས་བཤད་ན་ཡང་གཞན་གྱིས་བརྩི་བཀུར་བྱེད་པ།  དཔལ་འབྱོར་གྱི་ཡོང་འབབ་ཐོབ་པ། ཤེས་ཡོན་པ་སྐྱེད་སྲིང་བྱས་པ་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཁྱད་པར་བ་བཞག་ཡོད།  དེ་ལྟ་མ་ཡིན་པར་སློབ་ཁྲིད་བྱེད་པ་ནི་འགན་ཁུར་རྫོགས་ཐབས་དང་ཉི་མ་གཏོང་ཐབས་ཙམ་བྱེད་པ།  ཡང་ན་རང་ཉིད་ཀྱི་ཡོན་ཏན་ངོམ་སོ་བྱེད་ཆེད་དང་རང་ཉིད་འུད་སྒྲོག་བྱེད་ཆེད་ཙམ་དུ་འགྲོ་མི་རུང་བས།  ཐོག་མར་བསམ་པ་བཟང་བོ་བྱེད་པ་དང་བར་དུ་ཅི་ཤེས་ཅི་ནུས་ཀྱིས་སློབ་མ་ལ་ཕན་ཐབས་སུ་འགྲོ་བར་འབད་པ་ནི་ཅི་ནས་ཀྱང་གལ་ཆེ། 

   མཐར་དགེ་སློབ་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་ཤེས་བྱའི་བདུད་རྩིའི་དཔལ་ལ་ཅི་དགར་རོལ་བ་ཞིག་ཡོང་དགོས།  

དགེ་རྒན་ཐུགས་རྒྱུད་ཕྱུག་པའི་བཀྲ་ཤིས་ཤོག །

བཟོ་བ་བརྩོན་འགྲུས་ལྡན་པའི་བཀྲ་ཤིས་ཤོག །

སློབ་མ་སྤྱོད་ཡོན་འཛོམས་པའི་བཀྲ་ཤིས་ཤོག །

སློབ་གྲྭ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །

     ཅེས་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་ཟི་ལིང་དུ་བྲིས་ཏེ་བསྐུར།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-09-14 ལྟ་ཀློག (5803)