གཏམ་བཟང་འདིས་དགེ་རྒན་དུས་ཆེན་བསུ།


      སྤྱི་ལོ་2020ལོའི་ཟླ་9བའི་ཚེས་9ཉིན། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་ཆེན་རིམ་པའི་དབྱིན་ཇིའི་ངག་རྩལ་འགྲན་སྡུར་རྒྱལ་ཁའི་ངང་འགོ་བརྩམས་ཤིང་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་། འགྲན་སྡུར་འདི་ནི་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་གཙོ་བསྒྲུབས་བྱས་ཤིང་སློབ་གསོ་ཐེན་ལས་རིགས་ལག་རྩལ་སློབ་གསོ་སྟེ་གནས་ཀྱིས་རོགས་སྒྲུབ་བྱེད་ཀྱིན་པའི་ཞིང་ཆེན་རིམ་པའི་འགྲན་སྡུར་ཞིག་ཡིན།   མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་སློབ་ཆེན་སློབ་མའི་དབྱིན་ཇིའི་ངག་རྩལ་སྐྱེད་སྲིང་དང་སྐུལ་འདེད་བྱེད་ཆེད།  ལོ་རེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སོ་སོའི་སློབ་མའི་དབྱིན་ཇིའི་ཆུ་ཚད་ཀྱི་བཟང་ངན་ལ་གཞིགས་ཏེ་རེས་མོས་ཀྱིས་འགྲན་ཁུལ་བརྗེས་ཏེ་འགྲན་སྡུར་སྤེལ་བཞིན་ཡོད་ཅིང་།  ད་ལོའི་འགྲན་སྡུར་ནི་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་ནས་སྤེལ།

       ཐེངས་འདིའི་རྟིང་རྩོད་འགྲན་སྡུར་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་བརྒྱད་གྱི་འཐུས་ཚབ་འགྲན་ཞུགས་པ་16སླེབས་ཡོད་ལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་21པའི་འཛིན་གྲྭ་གཉིས་པའི་སློབ་མ་རྭ་རྒྱ་བཀྲ་ཤིས་དང་སྨོན་ལམ་རྒྱ་མཚོ་གཉིས་ནི་ཟི་ལིང་གྲོང་ཁྱེར་སློབ་གླིང་གི་འཐུས་ཚབ་འགྲན་ཞུགས་པ་ཡིན།
     སྤྱིར་ཡིན་ན་འགྲན་སྡུར་འདི་ནི་ལོ་རེའི་སྤྱི་ཟླ་3པའི་ནང་དུ་སྤེལ་ཚར་དགོས་པ་ཞིག་ཡིན་མོད། ད་ལོར་བྲོག་ཞུའི་ནད་དུག་གི་རྐྱེན་གྱིས་དུས་འགྱངས་བྱས་ཏེ་སྤྱི་ཟླ་9བར་འགྲན་སྡུར་བྱས་པ་ཡིན། འགྲན་སྡུར་འདི་ལ་འགྲན་ཞུགས་པའི་དབྱིན་ཇིའི་ཡིག་ཆོད་དང་དོན་གྱི་འགྲེལ་བཤད། གནས་བབ་དང་བསྟུན་ནས་ཁ་བརྡ་བྱེད་པའི་ནུས་པ་བཅས་ཆུ་ཚད་འཇལ་བྱེད་ཀྱི་ཚན་པ་ཆེན་པོ་གསུམ་ཡོད་ཅིང་ཚན་པ་རེ་རེ་གཏན་ཁེལ་གྱི་དུས་ཚོད་ནང་དུ་ངེས་པར་དུ་ཚར་དགོས། དེ་ལྟར་དུས་ཚོད་ཀྱི་བར་ཐག་བཟུང་བས་འགྲན་ཞུགས་པ་ཚོའི་ནམ་རྒྱུན་གྱི་དབྱིན་ཇིའི་ཐ་སྙད་གསོག་ཚད་དང་བྱང་ཚད་གསལ་བོར་ཤེས་ཐུབ།
     ད་ལོའི་འགྲན་སྡུར་ཁྲོད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྭ་རྒྱ་བཀྲ་ཤིས་ཀྱིས་ཨང་དང་བོ་དང་མཐར་ཕྱིན་སློབ་མ་སྨོན་ལམ་རྒྱ་མཚོས་ཨང་གཉིས་པ་བཅས་ཀྱི་གྲུབ་འབྲས་ཀྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་པ་དང་དགེ་རྒན་གྱི་ལས་རྐང་ན་ཕྱག་ལས་གནང་བཞིན་པའི་གནམ་འོག་གི་དགེ་རྒན་ཡོངས་ཀྱི་དུས་ཆེན་བསུ་བའི་ལེགས་སྐྱེས་སུ་ཕུལ་བ་དང་གཉིས་སུ་མེད།


ཞིང་ཆེན་རིམ་པའི་དབྱིན་ཇིའི་ངག་རྩལ་འགྲན་སྡུར་ཁྲོད་འཛུམ་མདངས་དང་སྤྲོ་སྣང་གིས་བཏེགས་པའི་སློབ་བུ་རྭ་རྒྱ་བཀྲ་ཤིས།


རྣམ་དཔྱོད་ཡངས་པའི་སློབ་བུ་རྭ་རྒྱ་བཀྲ་ཤིས་ཀྱིས་དབྱིན་ཇིའི་ངག་རྩལ་འགྲན་བཞིན་པ།


རྣམ་དཔྱོད་ཡངས་པ་སློབ་གྲོགས་སྨོན་ལམ་རྒྱ་མཚོས་དབྱིན་ཇིའི་ངག་རྩལ་འགྲན་བཞིན་པ།


མཇུག་མཐར་ཞིང་ཆེན་ཡོངས་ཀྱི་འགྲན་སྡུར་ཁྲོད་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྭ་རྒྱ་བཀྲ་ཤིས་ཀྱིས་ཨང་དང་བོ་བླངས།


མཇུག་མཐར་ཞིང་ཆེན་ཡོངས་ཀྱི་འགྲན་སྡུར་ཁྲོད་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྨོན་ལམ་རྒྱ་མཚོས་ཨང་གཉིས་པ་བླངས།


གསར་འགོད་པ། རྔ་བ་རྒྱ་མཚོ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-09-09 ལྟ་ཀློག (4124)