མཛེས་སྡུག་གི་ཡང་རྩེ་ནི་ནང་སེམས་རྒྱུད་ཀྱི་མཛེས་པ་ཡིན།

མཛེས་སྡུག་གི་ཡང་རྩེ་ནི་ནང་སེམས་རྒྱུད་ཀྱི་མཛེས་པ་ཡིན། 

 

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    ཡིད་དུ་འོང་བའམ་མཛེས་པ་ལ་དགའ་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཆོས་ཉིད་ཅིག་སྟེ། ཆུང་སེམས་མེད་ཀྱི་བྱིས་པ་ཞིག་ཡིན་ཡང་ཁ་དོག་རྣམ་པར་བཀྲ་བའི་རྩེད་ཆས་ཤིག་གམ། འདབ་མ་མངོན་པར་རྒྱས་པའི་མཛེས་སྡུག་གི་མེ་ཏོག་ལྟ་བུ་མིག་སྔར་ཐོན་ཚེ་ལྷད་མེད་ཀྱི་འཛུམ་དཀར་གྲོལ་བ་དེས་མཚོན་པར་ནུས་སོ།། འོན་ཀྱང་མིའི་རིགས་ཀྱི་བློ་རིག་གོང་འཕེལ་དུ་སོང་བ་དང་མཐུན་པར་མཛེས་པ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལའང་འགྲེལ་ཚུལ་གསར་བ་ཞིག་བྱུང་བར་གྱུར་ཏེ། ཕྱིའི་རྣམ་པའི་མཛེས་པ་ལས་ནང་སེམས་རྒྱུད་ཀྱི་མཛེས་པ་ལྷག་པར་འཛིན་ནོ།། དཔེར་ན་དབང་བོ་རྣམ་ལྔ་ལེགས་པར་ཚང་ཞིང་གཟུགས་དང་ལང་ཚོས་བརྒྱན་པའི་མི་ལུས་ཞིག་ཐོབ་ན་ཀུན་གྱི་སྨོན་པ་འཆོར་སའི་ཡུལ་དང་སྔོན་བསགས་བསོད་ནམས་ཀྱི་མཐུ་ལ་ཡིད་ཆེས་ཀྱི་དང་བ་འདྲེན་པའི་རྐྱེན་དུ་འགྱུར་བ་སོགས་ཤིན་ཏུ་ངོ་མཚར་བ་ལགས་མོད། འོན་ཀྱང་ཕྱིའི་བྱད་གཟུགས་མཛེས་པ་ཙམ་གྱིས་འགྲོབ་མིར་སྐྱེས་པའི་ཐུན་མིན་གྱི་མཛེས་སྡུག་མཚོན་མི་ནུས་སོ།། འོ་ན་འགྲོ་བ་མིའི་རིགས་ཀྱི་ཁྱད་པར་གང་གིས་མཚོན་ཞེ་ན། ནང་སེམས་ཀྱིས་མཚོན་ཏེ། དེ་ཡང་སུ་ཞིག་སེམས་རྒྱུད་བྱམས་སྙིང་རྗེ་དང་བག་ཡོད། ལྷག་བསམ་དང་དྲང་བདེན། ཤེས་རབ་དང་སྤྱི་སེམས་སོགས་ཀྱིས་ཕྱུག་ན་དེའི་རང་མདངས་ཕྱིའི་རྣམ་པར་འཕོས་པ་ལས་གང་ཟག་དེ་བྱད་གཟུགས་ཡག་བཙོག་ཇི་ལྟར་ཡང་ཀུན་གྱི་ཡིད་དུ་འོང་ཞིང་གཙུག་ཏུ་བཀུར་བས་སོ།། གལ་ཏེ་མི་ཞིག་ལ་སེམས་རྒྱུད་མཛེས་པའི་ཁྱད་ཆོས་དེ་མ་འཛོམ་ན་ཕྱི་ལུས་ཀྱི་རྣམ་པ་ཇི་ལྟར་མཛེས་ཀྱང་ཀུན་གྱིས་མཆོག་ཏུ་མི་འཛིན་ཏེ། དཔེར་ན་སྐྱེས་པ་དང་བུད་མེད་གཟུགས་དང་ལང་ཚོ་གཞན་ལས་ཆེས་འཕགས་པ་གང་ཞིག་ཐོག་མར་གསར་དུ་མཐོང་ཚེ་དེའི་བྱད་བཞིན་གྱི་མཛེས་པས་ཡིད་དབང་འཕྲོག་ཀྱང་། དེ་དང་ཉེ་བར་བཅར་ཞིང་འགྲོགས་པ་ན་གང་བཤད་ཕལ་ཆེར་བླུན་གཏམ་དང་ཡང་ན་རྫུན་གཏམ། གང་བྱས་ཕལ་ཆེར་མ་རབས་ཀྱི་བྱ་བ། གང་བསམ་ཐམས་ཅད་རང་དོན་ཁོ་ན་མ་གཏོགས་མེད་པ་ཞིག་ཡིན་པ་ཤེས་ཚེ་སྔར་གྱི་རང་གི་ཡིད་ངོར་བཞག་པའི་གང་ཟག་དེའི་ཡོན་ཏན་མཐའ་དག་རིམ་གྱིས་ཡལ་ཏེ་ཆེས་མི་སྡུག་པ་སྐྱུག་བྲོ་ཞིང་མཐོང་ན་ཡིད་སུན་པ་ཞིག་ཏུ་འགྱུར། ཡང་དེ་ལས་ལྡོག་སྟེ་བཞིན་མི་སྡུག་གཟུགས་མི་དྲང་སྟོབས་མི་ཆེ་མདོག་མི་ལེགས་པའི་མི་ཞིག་དང་ཐོག་མར་འཕྲད་ཚེ། ང་ཚོའི་ཡིད་ལ་མི་དགའ་ཞིང་དེ་དང་འགྲོགས་མི་འདོད་པའི་ཚོར་བ་ཞིག་སྟེར་ཡང་། དེ་དང་འགྲོགས་ཤིང་འདྲིས་པ་ན། ཁོ་རང་གཤིས་རྒྱུད་བཟང་ཞིང་བསམ་པ་དཀར་བ། སྒེར་སེམས་ཕྲ་ལ་སྤྱི་སེམས་ཆེ་བ། གཡུ་སྒྱུ་མེད་ཅིང་ཡོན་ཏན་ལྡན་པ། བློ་རིག་གསལ་ཞིང་ཕྱི་ཐག་རིང་བ། གཏམ་ཁ་ལྕེ་འཛོམ་པ། ཁྲེལ་ངོ་ཚ་ཤེས་པ་ཞིག་ཏུ་གསལ་བར་གོ་བ་ན། ཕྱིའི་རྣམ་པའི་མི་སྡུག་པའི་ཆ་ནས་ང་ཚོའི་ཡིད་ངོར་མི་འཆར་བར་ནང་སེམས་རྒྱུད་ལེགས་པའི་ཆ་ནས་ཤར་བས་དེ་ནས་བཟུང་རིམ་གྱིས་ཁོ་ཡིད་དུ་འོང་ཞིང་འགྲོགས་འདོད་ལ་ཀུན་གྱིས་གུས་བཀུར་བྱེད་ས་ཞིག་ཏུ་འགྱུར་རོ།།

    དེ་ཡང་དཔེར་ན་གངས་རིའི་ལྗོངས་སུ་མཚན་སྙན་གྱི་འབྲུག་སྟོང་ཅིག་ཆར་ལྡིར་བའི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཉིད་ཀྱང་སྐུའི་རྣམ་པ་ཤིན་ཏུ་མི་སྡུག་པས་ཁོང་འཁྲུངས་མ་ཐག་མ་ཡུམ་གྱིས་ཀྱང་གཞན་ལ་སྟོན་དུ་མ་བཏུབ་ནས་འཕྱི་བའི་ཁུང་བར་དོར་བའི་གཏམ་རྒྱུད་བྱུང་ཞིང་བུ་སྟོན་ཁ་ཆེ་སྣ་ཉག་ཅེས་པའི་མཚན་འདོགས་ཕུལ་མོད། འོན་ཀྱང་ཁོང་གི་ཐུགས་རྒྱུད་བཅུ་ཕྲག་རིག་པས་བརྒྱན་པའི་མཁྱེན་རབ་ཀྱི་ལང་ཚོའི་གཟི་བརྗིད་ལ་སུས་ཀྱང་དོ་ཟླ་མ་བྱུང་བས་ད་ལྟ་ང་ཚོའི་ཡིད་ངོར་ཡལ་མེད་དུ་གྲུབ་ཟིན་པ་ནི་ཁོང་གི་མཁྱེན་བརྩེའི་ལང་ཚོའི་མཛེས་དཔལ་ཉིད་ཡིན་པ་དང་། གཞན་ཡང་མ་ཧྭ་ཙི་ནའི་ལོ་རྒྱུས་རིང་མོའི་སྔ་ཤོས་སུ་བྱུང་བ་ཁྲུན་ཆིའུ(春秋)ཞེས་པའི་དུས་སྐབས་སུ། ཆིན་རྒྱལ་ཕྲན་(秦国དུ་མི་རིག་པ་ཅན་ཞིག་ཡོད། དེའི་མིང་ལ་ཡཱང་ཙི (阳子  )ཟེར། ནམ་ཞིག་ཡཱང་ཙི་སུང་རྒྱལ་ཕྲན(宋国 )དུ་སོང་སྟེ་མགྲོན་ཁང་ཞིག་ཏུ་བསྡད། མགྲོན་ཁང་འདིའི་བདག་པོ་དེར་ཆུང་མ་གཉིས་ཡོད་པའི་གཅིག་གཟུགས་དང་ལང་ཚོ་ནི་ནམ་མཁའི་ལྷ་མོའི་དཔལ་ལ་འགྲན། གཅིག་ནི་ཤིན་ཏུ་མི་སྡུག་པ་ཞིག་གོ། སྤྱིར་བཏང་ཡིན་ན་ཐམས་ཅད་དགའ་ས་དང་ཀུན་གྱིས་བརྩི་རྒྱུ་ནི་མཛེས་མ་དེ་ཡིན་དགོས་པ་དང་། ཐམས་ཅད་སྡང་ས་དང་སྣང་ཆུང་བྱེད་ཡུལ་ནི་མི་སྡུག་པ་དེ་ཉིད་ཡིན་ངེས་སྙམ་པ་འཆར་མོད། འོན་ཀྱང་མགྲོན་ཁང་གི་བདག་མོ་འདི་གཉིས་ཀྱི་གནས་ཚུལ་ནི་དེ་ལས་ལྡོག་པར་འདུག་སྟེ། མགྲོན་གཡོག་ཐམས་ཅད་ཀྱིས་བཞིན་མི་སྡུག་པའི་བདག་མོ་དེ་ལ་གུས་བཀུར་བྱེད་ལ། མཛེས་མ་དེ་ལ་ཐམས་ཅད་མི་དགའ་ཞིང་སྣང་མེད་བྱེད་པར་མ་ཟད་གཏམ་ཙམ་ཡང་སྨྲ་མི་འདོད་དོ།། ཡཱང་ཙིས་གནས་ཚུལ་དེ་མཐོང་ཚེ་ཤིན་ཏུ་ཡ་མཚན་སྐྱེས་ནས་མགྲོན་གཡོག་ཅིག་ལ་དྲིས་པ། ཁྱེད་ཅག་གི་བདག་མོ་དེ་དེ་འདྲའི་མཛེས་མ་ཞིག་འདུག་ན་ཁྱེད་ཚོས་ཅིའི་ཕྱིར་མོ་ལ་ཁ་གྲགས་མི་འདོད། ཅེས་པར་མགྲོན་གཡོག་དེས་སྨྲས་པ། རྣམ་པ་མཛེས་པའི་ཅིར་ཕན། མོ་ལ་བྱད་བཞིན་མཛེས་པ་ཙམ་ཡོད་སྙམ་པའི་ང་རྒྱལ་གྱིས་ཁེངས་ཤིང་གཞན་སུ་ཡང་མིག་ནང་དུ་མི་འཇོག་པས་ངེད་ཅག་སུ་ཡིན་ཡང་མོ་ལ་གཏན་ནས་མི་དགའ་བར་མ་ཟད། མོ་ནི་ཕྱིའི་སྐྱི་པགས་མཛེས་པས་བཀླུབས་ཀྱང་ནང་སེམས་རྒྱུད་རུལ་ཞིང་བསུངས་དྲི་བྲོ་བའི་ཅོལ་ཆུང་གླེན་མ་ཞིག་གོ་ཞེས་སྣང་ཆུང་བྱེད་ལ་མོ་དང་གཏམ་སྨྲ་བ་ནི་དེ་བས་ཀྱང་མི་འདོད་དོ་ཞེས་འཛེར་རོ།། 

    ཡང་ཡཱང་ཙིས། འོ་ན་བཞིན་མི་སྡུག་པའི་བདག་མོ་དེ་ཅེས་འདྲར་ཅི་དྲིས་པར། མགྲོན་གཡོག་དེས་ཁོ་མོ་ནི་དངོས་ནས་གཤིས་ལེགས་ཟེར་བ་རང་ཡིན་ཞེས་བསྟོད་བསྔགས་ཀྱི་མཐེ་བོང་སྒྲེང་བཞིན་བཤད་རྒྱུར། ཁོ་མོའི་བྱད་བཞིན་མི་སྡུག་པས་དང་ཐོག་ང་ཚོ་ཚང་མ་མི་དགའ་མོད། འོན་ཀྱང་རིམ་གྱིས་མོའི་རྒྱུད་ཀྱི་བྱམས་བརྩེ་དང་ལྷག་བསམ། ཁེངས་སྐྱུངས་དང་བཟོད་སྒོམ། ད་དུང་ནམ་ཡིན་ཡང་ཉམ་ཐག་ལ་རོགས་རམ་བྱེད་པ་སོགས་ཀྱི་སྤྱོད་ཚུལ་དེས་མོ་ནི་ང་ཚོ་རེ་རེ་བཞིན་སེམས་དུལ་ཏེེ་མོའི་བཀའ་བཀོད་ལ་ཉན་རྒྱུར་དགའ་ཞིང་། ང་ཚོའི་མིག་ལམ་དུ་དྲང་བདེན་བྱམས་བརྩེ་ཅན་གྱི་ལྷ་མོ་ཞིག་ཏུ་སྣང་བ་ལས་མི་སྡུག་པའི་ཆ་དེ་ཉིད་གར་སོང་ཆ་མེད་དུ་ཡལ་བར་གྱུར་ཅེས་ཟེར་བ་ཐོས་པས་ཡཱང་ཙིས་གནད་འགག་གཞི་ནས་རྟོགས་བྱུང་། 

    རེད་ཡ་གྲོགས་པོ་རྣམ་པ་ལགས། གོང་གི་གཏམ་རྒྱུད་འདིས་མི་ཞིག་ལ་མཚོན་ན་ནང་སེམས་རྒྱུད་ཀྱི་མཛེས་པ་ནི་ཕྱི་རྣམ་པའི་མཛེས་པ་ལས་ཆེས་ལྷག་པར་གྱུར་བ་གསལ་བར་མཚོན་ནུས་ལ། དེ་ཡང་ཡིན་ཏེ། གལ་ཏེ་སུ་གང་ཡང་རུང་བ་ཞིག་ལ་ནང་གི་མཛེས་ཆོས་འདི་རྫོགས་ན་ཕྱིའི་རྣམ་པ་དེ་འདྲའི་ལེགས་རྒྱུ་མེད་ཀྱང་མི་རྣམས་ཀྱི་དགའ་ཞེན་དང་གུས་བཀུར་ཐོབ་པར་འགྱུར་བས་སོ།།

    འོན་ཀྱང་དེང་དུས་ཀྱི་སྤྱི་ཚོགས་འདིར་ཕལ་མོ་ཆེས་ཕྱིའི་སྐྱི་པགས་ཀྱི་ཁ་དོག་ཙམ་གལ་བོ་ཆེར་བཟུང་ནས་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པར་མཚོན་བྱེད་ཀྱི་གཤིས་ཀའམ་ནང་སེམས་རྒྱུད་ཀྱི་མཛེས་པ་དེ་སྣང་མེད་དུ་འཇོག་ཅིང་མཛེས་རྒྱན་སྤྲས་པ་དང་། གདོང་ལ་ཚོན་མདངས་སྣ་ཚོགས་བྱུགས་པ་སོགས་ཀྱི་སྒོས་ཕྱིའི་བྱད་བཞིན་མཛེས་པའི་ཐབས་ལ་འབད་ཅི་ཐུབ་བྱེད་པ་འདི་ནི་ཅི་འདྲའི་གླེན་རྟགས་ཆེ་བ་ལ་ཨང་། ཕྱིའི་སྐྱི་པགས་ཀྱི་མཛེས་པ་དེ་ལ་ཡིད་གཏད་ཅུང་ཟད་ཙམ་ཡང་མེད་པའང་མ་ཤེས་པར་འདུག

    སྔོན་རྒྱ་གར་གྱི་ཡུལ་ག་གེ་མོ་ཞིག་ཏུ་མི་མང་བོ་འཕགས་པ་འཇམ་དཔལ་ལ་དད་པས་སྐུ་བརྙན་ཞིག་དང་བའི་རྟེན་དུ་བཞེངས་པར་འདོད་ཀྱང་རྗེ་བཙུན་གྱི་སྐུའི་རྣམ་པ་ཅི་འདྲ་ཞིག་ཏུ་ཡོད་པ་མ་ཤེས། ཕྱིས་ཁོ་ཚོས་གྲོས་བྱས་མཐར་ཐོས་པ་ལྟར་ན་འཕགས་པ་འཇམ་དཔལ་ནི་མཁྱེན་རབ་ཀྱི་གཟི་འོད་འབར་ཞིང་གཞོན་ནུའི་ཚུལ་དུ་ཡོད་པར་གྲགས་སོ།། དེས་ན་ང་ཚོས་བྱད་གཟུགས་ཤིན་ཏུ་མཛེས་པའི་ཕོ་གསར་ཞིག་འདྲ་དཔེར་བཙལ་ནས་དེའི་རྣམ་པ་ལྟར་བཞེངས་པར་རིགས་སོ་ཞེས་གྲོས་མཐུན་པར་བྱུང་སྟེ་བཙལ་མཐར་བྱད་གཟུགས་ཤིན་ཏུ་ལེགས་པའི་ན་གཞོན་ཞིག་བདམས་ཤིང་འདྲ་དཔེར་བཀོད་ནས་སྣང་བརྙན་བཞེངས། ན་གཞོན་དེ་ལའང་རྒྱུ་ནོར་གྱ་ནོམ་པ་ཞིག་བྱིན་པར་ཁོ་ཡང་ཡིད་ཚིམ་ནས་སོང་ངོ་།། 

    དེ་ནས་ལོ་དུ་མ་ཞིག་གི་རྗེས་སུ་ཡུལ་དེ་དང་ཐག་མི་རིང་བའི་གྲོང་ཚོ་ཞིག་ན་གནོད་སྦྱིན་ལ་དད་པའི་མི་སྐོར་ཞིག་ཡོད། ཁོ་ཚོས་གནོད་སྦྱིན་ནི་རང་ཅག་གི་སྲུང་མ་ཡིད་པས་མཆོད་པའི་རྟེན་དུ་དེའི་སྐུ་བརྙན་ཞིག་བཞེངས་པར་རིགས་སོ་ཞེས་གྲོས་མཐུན་བྱས་མོད། འོན་ཀྱང་། དེའི་རྣམ་པ་ཅི་འདྲར་ཡོད་པ་མ་ཤེས། ཕྱིས་སུ་ཁོ་ཚོའི་གྲས་ཀྱི་མི་འགའ་ཞིག་གིས་གནོད་སྦྱིན་ཕལ་ཆེར་འབྱུང་བོ་ཤ་ཟའི་རིགས་སུ་གཏོགས་པས་ཤིན་ཏུ་མི་སྡུག་ཅིང་འཇིགས་སུ་རུང་བ་ཞིག་ཡིན་པར་གོར་མ་ཆག་གོ་ཞེས་གྲོས་གཞི་བཏོན་པ་མཐུན་པར་བྱུང་སྟེ། དེའི་གསོན་དཔེར་འཇིགས་སུ་རུང་ཞིང་ཆེས་མི་སྡུག་པ་ཞིག་བཙལ་མཐར་ཡུལ་དེའི་བཙོན་ཁང་ནས་བཙོན་མ་དེར་ཤིན་ཏུ་འཚམ་པ་ཞིག་རྙེད་དེ་གནོད་སྦྱིན་གྱི་འདྲ་བརྙན་དེའི་རྣམ་པ་ལྟར་བཞེངས། ཁོ་ལའང་རྒྱུ་ནོར་མི་ཉུང་བ་ཞིག་གླ་བརྔན་དུ་བྱིན་པ་ན་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་སྐད་ཆེན་པོས་ངུས་སོ།། དེར་མི་རྣམས་ཡ་མཚན་ནས་ཁོ་ལ་ཁྱོད་ཅིའི་དོན་ངུ་བར་བྱེད་ཅེས་དྲིས་པར། བཙོན་མ་དེས་སྨྲས་པ། ལོ་དུ་མའི་སྔོན་དུ་བདག་ནི་ཡུལ་འདི་ཕྱོགས་ཀྱི་ཆེས་མཛེས་པའི་ན་གཞོན་ཉག་གཅིག་སྟེ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བའི་སྐུ་བརྙན་གྱི་འདྲ་དཔེར་ཡང་བདམས་མྱུང་། རྒྱུ་ནོར་གྱ་ནོམ་པ་ཞིག་ཀྱང་བརྔན་དུ་ཐོབ། དེ་ནས་བཟུང་ངས་དངུལ་གང་ཡོད་ཁྱེར་ནས་ཉིན་རེ་བཞིན་སྨད་ཚོར་ཁང་དང་རྒྱན་འཛུགས་ཁང་། ཆང་གསོལ་ཁང་སོགས་རང་ཁྱིམ་ལྟར་བྱས་ནས་བག་མེད་དུ་སྤྱད་དོ།། ནམ་ཞིག་ནོར་རྣམས་ཡོངས་སུ་ཟད་པ་ན་རང་ཉིད་འཚོ་ཐབས་སུ་རྐུ་འཕྲོག་གི་ལས་ལ་མི་ཞུགས་དབང་མེད་དུ་གྱུར། ཁ་དཔེ་ལ་ནགས་རིར་འགྲོ་ཐེངས་མང་ན་སྟག་དང་འཕྲད་ཉེན་ཡོད་ཅེས་པ་ལྟར་ཉིན་ཞིག་རྐུ་བྱེད་པ་གཞན་གྱིས་ཚོར་ནས་བཙོན་དུ་བཅུག བཟོད་དཀའ་བའི་སྡུག་བསྔལ་གྱིས་བར་མེད་དུ་མནར་བས་སྔོན་གྱི་གཟུགས་དང་ལང་ཚོ་རྣམས་རིམ་གྱིས་ཡལ་ཞིང་ཤུལ་མེད་དུ་གྱུར་ནས་དེ་རིང་ཁྱེད་ཚོས་གནོད་སྦྱིན་གྱི་སྣང་བརྙན་བཞེངས་པའི་གསོན་དཔེར་བདམ་པ་འདི་རེད། རྒྱུ་ནོར་འདི་ཀས་སྔོན་ཡང་བདག་ཤིན་ཏུ་ཕུང་བར་བྱས་སོ།། དེ་རིང་བདག་ལ་རྒྱུ་ནོར་བྱིན་ཚེ་ངའི་སྔོན་གྱི་གནས་ཚུལ་དྲན་པས་ཡིད་སྐྱོ་བས་གདུང་ངོ་།། སྙིང་འགྱོད་པས་བཀས་སོ་ཞེས་ཟེར་རོ།། གོང་གི་གཏམ་རྒྱུད་འདིས་ནང་སེམས་ཀྱི་གཤིས་རྒྱུད་མ་ལེགས་ན་ཕྱིའི་གཟུགས་ཀྱི་རྣམ་པ་མཛེས་པས་ཅིར་ཡང་མི་ཕན་ཞིང་ཡིད་གཏད་མེད་པའི་ངང་ཚུལ་གསལ་བོར་མཚོན་ནོ།། 

    དེས་ན་དངོས་པོའི་དཔལ་ཡོན་ལས་བསམ་པའི་དཔལ་ཡོན་གལ་ཆེ་ཚུལ་ཡང་ཤེས་པར་བྱ་ཞིང་། བསམ་པ་བཟང་བོའི་མཛེས་སྡུག་ནི་སུང་ཀྱང་འཕྲོག་མི་ཐུབ་ལ་དུས་ཀྱིས་ཀྱང་རྙིང་བར་མི་ནུས་པའི་ངེས་པ་ལེགས་པར་འདྲོངས་ཏེ་བསམ་པ་བཟང་བོའི་མཛེས་སྡུག་གི་མེ་ཏོག་མངོན་པར་བཞད་པའི་ཐབས་ལ་ཅིས་ཀྱང་འབད་པ་ཁོ་ནར་རིགས་སོ།། 

༼འཇིག་རྟེན་གྱི་དཔྱིད་ཀ༽དེབ་དང་བོ། ༢༠༠༤     ཡིག་བཏགས་པ། བསྟན་པ་རྒྱ་མཚོ།

མཁོ་སྤྲོད་པ།  བྱམས་པ་དོན་འགྲུབ།  

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-09-08 ལྟ་ཀློག (3233)