རྒྱལ་བའི་བཀའ་འགྱུར་བཀླག་རྒྱུ་བྱང་བ་དང་འབྲེལ་བའི་བསྔོ་སྨོན་ལྷག་བསམ་འོ་མཚོའི་རླབས་སྒྲ།

༄༅།། རྒྱལ་བའི་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་ངེད་ཨ་མཆོག་ཚང་གིས་དག་ཚར་ཐེང་གསུམ་བཀླག་རྒྱུ་བྱུང་བ་དང་འབྲེལ་བའི་བསྔོ་སྨོན་ལྷག་བསམ་འོ་མཚོའི་རླབས་སྒྲ།

                                                  

བཛྲ་ཚུལ་ཁྲིམས་རྒྱ་མཚོས།

དང་བོ། གླེང་གཞི།

གཉིས་པ། བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་མུན་གླིང་ཆོས་གླིང་དུ་གྱུར་བ།

གསུམ་པ། བཀའ་འགྱུར་ཞེས་པའི་དོན་མདོར་བསྡུས་ཏེ་ངོ་སྤྲོད་ཙམ་ཞིག་བྱེད་པ།

བཞི་བ། བཀའ་འགྱུར་ནི་བོད་ཀྱི་ནང་བ་སངས་རྒྱས་པའི་སློབ་གཉེར་བ་རྣམས་ཀྱི་སྦྱང་བྱའི་སློབ་དེབ་མཐར་ཐུག་ཡིན་ནོ།།

ལྔ་བ། རྒྱལ་བའི་བཀའ་འགྱུར་ཀློག་པའི་ཕན་ཡོན་མདོ་ཙམ་བཤད་པ།

དྲུག་པ། བཀའ་འགྱུར་དག་ཚར་གསུམ་བཀླག་རྒྱུ་བྱུང་བ་དང་འབྲེལ་བའི་བསྔོ་སྨོན་ལྷག་བསམ་འོ་མཚོའི་རླབས་སྒྲ།       

 

དང་བོ། གླེང་གཞི།

                

    དེ་ཡང་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་རང་རེའི་བསིལ་མོ་ལྗོངས་ཀྱི་ཡུལ་གྲུ་འདི་ནི། ད་ལྟའང་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། བྱང་མཐའ་ཤིན་ཅང་དང་། ལྷོ་ནུབ་དང་ལྷོ་ཕྱོགས་རྒྱ་གར་དང་བལ་བོ་འབྲུག་ཡུལ་སོགས་ཀྱི་མཐའ་མཚམས་སུ་སླེབས་ཤིང་། ཤར་དུ་ཡུན་ནན་དང་སི་ཁྲོན། ཀན་སུའུ་སོགས་ཀྱི་ནང་དུ་འདྲེས་ནས་ཡོད་པས་སོ།། དེར་མ་ཟད་ཟླུམ་གཟུགས་གོ་ལ་ཡངས་པོའི་སྒལ་སྟེང་དུ་གནས་པས་འཛམ་གླིང་གི་རྒྱ་ཕིབ་ཏུ་གྲགས་ཤིང་། ད་དུང་ཡུལ་འདི་ན་འཛམ་གླིང་ཡོངས་ཀྱི་ཆེས་མཐོ་བའི་རི་རྒྱུད་ཧི་མ་ལ་དང་། ཇོ་མོ་གླང་མ། གངས་དཀར་ཏི་སེ། བསམ་གཏན་གངས་བཟང་། རྨ་རྒྱལ་སྦོམ་ར། མི་ཉག་གངས་དཀར་ལ་སོགས་པ་བརྗིད་ཆགས་ཤིང་ངོ་མཚར་བ། རྩེ་མོ་དགུང་ལ་བསྙེགས་པ། རང་བྱུང་ཤེལ་དཀར་གྱི་མཆོད་རྟེན་འདྲ་བ་མང་བོ་ཡོད་པས་གངས་རིའི་ལྗོངས་ཞེས་ཀྱང་གྲགས་སོ།།

    དེ་ལྟ་བུའི་ཡུལ་གྲུ་ཆེན་པོ་དེ་ལའང་ནང་གསེས་ཀྱིས་ཕྱེ་ན་སྤུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ལི། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་ཏེ་སྟོད་སྨད་གཉིས་སྐོར་གཅིག་བྱས་པས་སྟོད་མངའ་རིས་སྐོར་གསུམ་དང་། གཡས་རུ། རུ་ལག དབུ་རུ། གཡོན་རུ་བཞིའམ། ཡང་ན་གཡས་རུ། གཡོན་རུ། སྤུས་རུ། གུང་རུ་བཞིར་བྱས་པ་བར་དབུས་གཙང་རུ་བཞི་དང་། ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་སྟེ་སྨད་མདོ་ཁམས་སྒང་དྲུག་ཅེས་བོད་ཆོལ་ཁ་གསུམ་དུ་དབྱེར་ཡོད་པས། བོད་ཅེས་པ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཙམ་ལ་ངོས་འཛིན་པ་ནི་ཤིན་ཏུ་ཁྱབ་ཆུང་ཞིང་ལོ་རྒྱུས་ཀྱི་བློ་མིག་ལྡོངས་པའི་དན་རྟགས་ཤིག་ཏུའང་ཤེས་པར་བྱའོ།།

    ངེད་ཨ་མཆོག་ཚང་ཞེས་པ་འདི་ཡང་བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་ནང་ཚན་གྱི་མདོ་སྨད་རྟའི་ཆོལ་ཁའི་ཁོངས་གཏོགས། སྔོན་ཨ་བ་གཟུངས་ཐར་གྱི་བུ་ལྔ་ཕྱོགས་ཁ་ལྔ་རུ་གྱེས་པའི་རུ་སྡེ་ལ་སྨད་ཀྱི་མཛོད་དགེ་ཕྱོགས་ཁ་ལྔ་ཞེས་གྲགས་པའི་ནང་ཚན་གྱི་རུ་སྟོད་མའི་འབྲོག་ཁྱིམ་དཀྱུས་མ་ཞིག་གོ། དེ་ཡང་གནའ་མིའི་ངག་རྒྱུན་ལས། ངེད་ཚང་གི་ཁྱིམ་ཚང་འདི་ཡང་བར་དབུས་གཙང་རུ་བཞིའི་ཕྱོགས་ཤིག་ནས་རིམ་གྱིས་སྨད་མདོ་ཁམས་སྒང་དྲུག་གི་ཕྱོགས་སུ་མཆེད་ཅིང་འོངས་པ་ཞིག་ཏུ་བཤད་པ་ཐོས་ཤིང་། སྐྱིད་སྡུག་དང་དར་རྒུད་མང་བོ་ཞིག་བྱུང་མྱོང་རབས་ཀྱང་ཐོས་མོད། སྐབས་སུ་མ་བབས་པས་དེའི་སྐོར་ནི་རེ་ཞིག་འདིར་མི་བཤད་དོ།།

དེ་ལྟ་བུའི་བོད་ཡུལ་གངས་རིའི་ལྗོངས་འདི་ནི་ལོ་རྒྱུས་ཤིན་ཏུ་རིང་བ་ཞིག་ཡིན་ཞིང་། འདི་ལ་སྔོན་གྱི་དུས་སུའང་ཆེས་ཆེར་གསལ་བའི་ཉི་ཟླའི་འོད་སྣང་། རབ་ཏུ་དཀར་བའི་གངས་རིའི་བཀྲགས་མདངས། མུ་མཐའ་མེད་པའི་སྤང་ཐང་ཆེན་མོ། དྭངས་ཤིང་གཙང་བའི་ཆུ་བོའི་ཀླུང་རྒྱུན་སོགས་རང་བྱུང་ཁོར་ཡུག་ནི་ད་ལྟའི་འདི་བཞིན་མེད་པ་ག་ལ་ཡིན་ཅིང་། འདི་ལས་ཀྱང་ལྷག་པ་ཡོད་པར་གོར་མ་ཆག་མོད། འོན་ཀྱང་དམ་པའི་ཆོས་ཀྱི་འོད་སྣང་འདི་མེད་པས་ཉེ་འཁོར་གྱི་ཤེས་རིག་ལྡན་པའི་རྒྱལ་ཁབ་དང་མི་རིགས་མང་བོས། རང་རེའི་བོད་ལ་མུན་པའི་གླིང་དང་བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཞེས་འབོད་ཀྱིན་ཡོད་པ་ནི་ལོ་རྒྱུས་ལས་གསལ་བས་སུ་ལ་གསང་།


གཉིས་པ། བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་མུན་གླིང་ཆོས་གླིང་དུ་གྱུར་བ།

           

    དེ་ཡང་བོད་སྤྱི་ལ་དབང་བའི་རྒྱལ་བོའི་ཐོག་མ་ནི་གཉའ་ཁྲི་བཙན་པོ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། རྒྱལ་བོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་པས་སོ།། འདིའི་འཁྲུངས་ཡུལ་སོགས་ལ་བཤད་ཚུལ་མི་མཐུན་པ་མང་བོ་ཡོད་ཀྱང་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་བཤད་དུ་བཅུག་ན་འགྲིག་པས་འདིར་བཤད་པ་སྐབས་སུ་མ་བབས་པས་བཞག་གོ། དེ་ནས་བཟུང་སྟེ་བོད་ཀྱི་བཙན་པོའི་གདུང་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བར་དུ་བོད་གངས་རིའི་ལྗོངས་ལ་ནང་བ་སངས་རྒྱས་པའི་བསྟན་པ་མ་དར་ཞིང་། བཙན་པོ་འདིའི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ཏེ། དེའི་སྐབས་སུ་དཔང་སྐོང་ཕྱག་རྒྱ་བ་དང་། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་བོ་ཡི་གེ་དྲུག་པ། ཙིན་དྷ་མ་ཎིའི་བརྐོས་ཕོར་རྣམས་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་ནམ་མཁའ་ལས་བབ་ཀྱང་ཟེར། པཎྚི་ཏ་བློ་སེམས་མཚོ་དང་ལོ་ཙཱ་བ་ལི་ཐི་སེ་གཉིས་ཀྱིས་ཁྱེར་ཡོང་བ་རེད་ཀྱང་ཟེར། ཙིན་དྷ་མ་ཎིའི་བརྐོས་ཕོར་ཞེས་པ་ནི་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞིག་གམ། ཡང་ལ་ལས་སཙྪ་དཔར་རྒྱག་བྱེད་ཅིག་རེད་ཀྱང་ཟེར་ཞེས་ངེས་དོན་མཁས་པའི་དབང་བོ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་གསུངས་སོ།།    

    སྐབས་དེར་བོད་ན་བོད་བྱིངས་ཀྱིས་བཀོལ་བའི་འདི་ཡི་གེ་མེད་ལ། ལེགས་སྦྱར་ཤེས་མཁན་ཡང་ཕལ་ཆེར་མེད་པས་དེའི་དོན་ཅི་ཡིན་མ་ཤེས་མོད། འོན་ཀྱང་ངོ་མཚར་བ་ཞིག་ཡིན་པར་གོ་ནས་མིང་ལ་གཉན་པོ་གསང་བ་ཞེས་བཏགས་ནས་མཆོད་པ་བྱས་པས། དེའི་ཡོན་ཏན་གྱིས་རྒྱལ་བོ་ཇེ་གཞོན་དུ་གྱུར་ཏེ་ལོ་བརྒྱ་དང་ཉི་ཤུ་ཐུབ་པ་བྱུང་ཞིང་། མནལ་ལམ་དུ་ཁྱོད་ནས་གདུང་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཞེས་པའི་ལུང་བསྟན་ཡང་བྱུང་སྟེ། སྲོང་བཙན་སྒམ་པོའི་དུས་སུ་ཆོས་རྣམས་བོད་སྐད་དུ་བསྒྱུར་བ་བྱུང་སྟེ་དམ་པའི་ཆོས་དར་བ་ལ་དགོངས་སོ་ཞེས་ཀྱང་རྗེ་བཙུན་དམུ་དགེ་རིན་པོ་ཆེས་གསུངས་སོ།།

    དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་ནས་རྩིས་པའི་གདུང་རབས་ལྔ་བ་སྟེ། བོད་ཀྱི་རྒྱལ་བོའི་གདུང་རབས་སོ་གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཏེ། ཁོང་ནི་སྐུ་ན་གཞོན་པའི་དུས་ནས་བཟུང་། ཐིག་འདེབས་པ་དང་། ཁང་བཟོ། རྡོ་བཟོ། ཤིང་བཟོ་སོགས་བཟོའི་གནས་ལ་རིག་པ་ཤིན་ཏུ་རྣོ་ཞིང་། དངོས་པོ་རྣམས་གྲངས་སུ་འདེབས་པ་ལ་བློ་མྱུར་ཞིང་མཁས་པ་དང་། རྟ་བཞོན་མདའ་འཕེན་སོགས་ཀྱི་སྒྱུ་རྩལ་དང་། གར་དང་། རོལ་མོ་སྟེ། དེ་དུས་ཡོད་པའི་རིག་གནས་ལྔ་སྟེ་དེ་སོགས་ལ་ཐུགས་གཞོལ་ཞིང་མཁས་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་གི་རྒྱལ་བུ་འདི་ནི་ཡོན་ཏན་དང་ལྡན་ཞིང་ཐུགས་ཤིན་ཏུ་སྒམ་པོ་ཞིག་གོ་ཞེས་བསྒྲགས་པས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་ཡོངས་སུ་གྲགས་སོ་ཞེས་རྗེ་བཙུན་དམུ་དགེ་བསམ་གཏན་མཆོག་གིས་གསུངས་སོ།།   

    དེའི་ཕྱིར་བོད་ཀྱི་དཔལ་འབྱོར་མངའ་ཐང་སོགས་གང་གི་ཆ་ནས་བཤད་ཀྱང་སྔར་ལས་ཆེས་ཆེར་དར་བས་མཐའི་རྒྱལ་བོ་རྣམས་ཀྱིས། ད་ལྟ་བོད་ན་ཤིན་ཏུ་གཞོན་པའི་རྒྱལ་བོ་ཞིག་གིས་རྒྱལ་སྲིད་སྐྱོང་ངོ་ཞེས་སྙན་པའི་གཏམ་ཐོས་ནས། སོ་སོའི་ཡི་གེའི་ཐོག་ནས་བསྟོད་འཕྲིན་སོགས་བསྐུར་བ་ལ། སོ་སོའི་ཡི་གེ་ཤེས་པའི་དྲུང་ཡིག་དག་གིས། ཡུལ་གྲུ་གཞན་དག་གི་ཡི་གེའི་ཐོག་ནས་འབྲི་བའམ། ཡང་ན་ངག་ཐོག་ནས་ལན་སྐྱེལ་བ་ཙམ་ལས། བོད་རང་ལ་ཡི་གེ་འབྲི་རྒྱུ་མེད་ཅིང་། དེ་མེད་ན་ནི་རྒྱལ་སྲིད་མངའ་ཐང་འཕེལ་རྒྱས་དང་མངའ་འབངས་བདེ་ལ་འགོད་པ་གང་ཡང་ཡིད་འཁུལ་བ་ཞིག་བསྒྲུབ་མི་ནུས་པས། ཅིས་ཀྱང་བོད་རང་ལ་དབང་བའི་ཡི་གེ་ཞིག་བསྐྲུན་པའི་ཐབས་བྱའོ་སྙམ་དུ་ཐུགས་དམ་བཅས་སོ།།

    དེ་ནས་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོས་རང་གི་བློན་ཆེན་གཉལ་ཐུ་མི་སྣང་གྲགས་ཀྱི་བུ་ཐུ་མི་ཨ་ནུ་ཞེས་བྱ་བ། ཕྱིས་ཀྱི་རང་ཅག་བོད་མི་ཡོངས་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་བློན་ཆེན་ཐོན་མི་སམྦྷོ་ཊ་ཞེས་གྲགས་པ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་ལ་ཡི་གེ་སློབ་ཏུ་མངགས། དེ་དུས་ཁོང་དགུང་ལོ་བཅུ་དྲུག་ཙམ་ཡིན་ཡང་རྒྱལ་བོའི་བཀའ་དང་དུ་བླངས། བོད་འབངས་སྤྱིའི་བདེ་སྡུག་ཐུགས་ལ་བསྣམས་ཏེ་ལམ་གྱི་ཚ་གྲང་བཀྲེས་སྐོམ། མེ་ཆུ་གཅན་གཟན། དགྲ་ཇག་ཆོམ་རྐུན་སོགས་ཀྱི་འཇིགས་པ་ཐམས་ཅད་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། རིག་པའི་གནས་བཅུ་ལ་མཁས་པར་བསླབ་སྟེ་ཕྱིར་རང་ཡུལ་དུ་ཕེབས་ནས་ད་ལྟ་རང་ཅག་བོད་མི་བྱིངས་ཀྱིས་བཀོལ་བཞིན་པའི་ཡི་གེ་འདི་གསར་དུ་བཟོས་ཤིང་གཏན་ལ་ཕབ། དེ་ལ་བརྟེན་ནས་རྒྱལ་བོས་ཀྱང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གཏན་ལ་ཕབ་སྟེ་སྲིད་བསྐྱངས་པས།  བོད་ཁ་བ་ཅན་གྱི་ཆོས་རིག་སྲིད་གསུམ་ཐམས་ཅད་འདི་ལས་འཕེལ་རྒྱས་བྱུང་བ་ཡིན་པས། སྔར་ཁྱིམ་མཚེས་རྒྱལ་ཁབ་དག་གིས་བོད་ཡུལ་མུན་པའི་གླིང་དང་ཡི་དྭགས་ཀྱི་རྒྱལ་ཁམས་ཞེས་སྨོད་པའི་ལོ་རྒྱུས་དེ་ཡང་མཇུག་རྫོགས་པར་བྱས་ཤིང་། མུན་གླིང་ཆོས་གླིང་དུ་བསྒྱུར་བ་ཡིན་པས། ཁྲེལ་དང་ངོ་ཚ་ཤེས་ཤིང་དྲིན་ལ་དྲིན་དུ་ཚོར་བའི་བསམ་བློ་ཡོད་པའི་བོད་མི་ཡོངས་ཀྱིས་ཁོང་རྒྱལ་བློན་གཉིས་ཀྱི་བཀའ་དྲིན་འདི་ནམ་ཡང་བརྗེད་དུ་མི་རུང་ངོ་།།   

    མི་ཆོས་གཙང་མ་བཅུ་དྲུག་ཅེས་པ་ནི།  ལྷ་དཀོན་མཆོག་གསུམ་ལ་མོས་གུས་བྱེད་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་བསྟི་ཆེ་བ། ཡུལ་མི་ཁྱིམ་མཚེ་ལ་ཕན་གདགས་པ། བཀའ་དྲང་ཞིང་སེམས་བཟང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། ཟོས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་བརྩད་གཅོད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ཀུན་ལ་ཕྲོག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་དང་བཅུ་དྲུག་གོ།།


གསུམ་པ། བཀའ་འགྱུར་ཞེས་པའི་དོན་མདོར་བསྡུས་ཏེ་ངོ་སྤྲོད་ཙམ་ཞིག་བྱེད་པ།

 

    མཐོ་ཚངས་པ་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་རྒྱལ་ནས་བཟུང་སྟེ། དམའ་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི་སེམས་ཅན་སུ་ཡིན་ཡང་། འཁོར་བ་ལས་མ་གྲོལ་ཕྱིན་སྡུག་བསྔལ་གསུམ་ཅི་རིགས་ཀྱིས་མནར་བ་འདྲ་འདྲ་ཡིན་ལ། སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའང་གཅིག་མཚུངས་ཡིན། འོན་ཀྱང་རང་གི་འདོད་པ་ལྟར་སྡུག་བསྔལ་ལས་གྲོལ་མི་གྲོལ་དང་། བདེ་བ་ཐོབ་ནུས་མི་ནུས་ནི་གཏན་མི་འདྲའོ།། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྤྱོད་འཇུག་ཆེན་མོ་ལས། 

སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།།

སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།

བདེ་བ་འདོད་ཀྱང་གཏི་མུག་པས།།

རང་གི་བདེ་བ་དགྲ་ལྟར་བཅོམ།།

ཞེས་གསུངས་པ་ལྟར། སྡུག་བསྔལ་སེལ་བྱེད་དང་བདེ་བ་སྒྲུབ་བྱེད་ཀྱི་ཐབས་ཡང་དག་པ་ཞིག་རྙེད་མ་རྙེད་དང་། དེ་ཚུལ་བཞིན་དུ་ལག་ཏུ་བླངས་མ་བླངས་སོགས་གཏན་མི་གཅིག་པས་སྡུག་བསྔལ་ལས་གྲོལ་མི་འགྲོལ་དང་བདེ་བ་ཐོབ་མི་འཐོབ་ཀྱང་མི་འདྲ་བས་སོ།།       

    འོ་ན་ལམ་གང་ཞིག་ནི་ཐར་འདོད་རྣམས་ལ་མི་བསླུ་བ་ཡིན་སྙམ་ན། དེ་ནི་རྒྱལ་བའི་བསྟན་པ་འབའ་ཞིག་ཡིན་ཏེ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སྐྱབས་གནས་མཐར་ཐུག་ནི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན་པའི་ཕྱིར། དེ་ལྟར་ཡིན་ཚུལ་ཡང་ཁྱད་པར་འཕགས་བསྟོད་ལས། 

བདག་ནི་སྟོན་པ་གཞན་སྤངས་ནས།།

བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི།།

དེ་ཅིའི་སླད་དུ་ཞེ་ན་ཁྱོད།།

སྐྱོན་མི་མངའ་ལ་ཡོན་ཏན་ལྡན།།

ཞེས་དང་། 

མུ་སྟེགས་གཞན་གྱི་གཞུང་ལུགས་ལ།།

ཇི་ལྟ་ཇི་ལྟར་རྣམ་བསམས་པ།།

དེ་ལྟ་དེ་ལྟར་མགོན་ཁྱོད་ལ།།

བདག་གི་སེམས་འདི་དད་པར་འགྱུར།།

ཞེས་གསུངས་པ་ལྟར་ཕྱོགས་སུ་མ་ལྷུང་བར་གཟུ་བོར་གནས་པའི་སྒོ་ནས་སྐྱོན་ཡོན་ལེགས་ཉེས་དཔྱོད་པའི་བློ་མིག་ཡོད་པ་ཞིག་ཡིན་ན་སེམས་ལ་འབབ་རྒྱུ་ཞིག་ཡོད་དོ།།

    འོ་ན་རྒྱལ་བའི་བསྟན་པ་ཞེས་པ་ནི་ཅི་འདྲ་ཞིག་ལ་གོ་དགོས་ཞེ་ན། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་བ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ཞེས་གསུངས་པ་ལྟར་རྒྱལ་བའི་ལེགས་པར་བཤད་པ་ཇི་སྙེད་པའོ་ཞེས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་གསུངས་པ་ལྟར་ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་བམ་རྒྱལ་བའི་བཀའ་ལ་གོ་ཆོག་གོ། དེ་ཡང་སངས་རྒྱས་ཀྱི་གསུང་རབ་བམ་རྒྱལ་བའི་བཀའ་ཞེས་པ་ནི། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ། རང་གི་བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བའི་གསུང་རབ་ལ་བྱ་སྟེ། རྒྱུད་བླ་མ་ལས། 

གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་།།

ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་།།

ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་།།

དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན།།

ཞེས་གསུངས་པས་སོ།། དེས་ན་རྒྱལ་བའི་བཀའི་དོན་ལས་ཕྱི་རོལ་ཏུ་གྱུར་བའི་གཞུང་ལུགས་དང་ཆོས་ལུགས་གང་ཡིན་ཡང་། མི་སྒེར་དང་སྤྱི་ཚོགས་ཤིག་ལ་གནས་སྐབས་ཀྱི་ཕན་པ་ཙམ་ཡང་གཏན་མེད་དོ་ཞེས་སྨྲ་མི་ནུས་མོད། འོན་ཀྱང་གོང་དུ་བཤད་པ་དེ་ལྟར་མཐར་ཐུག་གི་དགོས་དོན་སྒྲུབ་ཐུབ་པ་ཞིག་གཏན་མི་སྲིད་དོ།། དེ་ཕྱོགས་ལྷུང་གི་ཚིག་ཡིན་མིན་ནི་ཞིབ་ཏུ་སྦྱངས་ཤིང་ཉམས་སུ་བླངས་ན་ཤེས་པར་འགྱུར་རོ།། དེ་ལ་དམ་པའི་ཆོས་ཞེས་ཀྱང་བྱ་སྟེ། དམ་པ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་པས་ན་དམ་པའི་ཆོས་ཞེས་སམ། ཡང་ན་དམ་པ་ནི་མཆོག་ཏུ་གྱུར་བ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ཞེས་སམ། ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱད་པར་བྱ་བའི་ཆོས་ཡིན་པས་དེ་སྐད་ཅེས་བྱའོ།། མདོར་བསྡུས་ན། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པར་འགྱུར་བའི་ཐབས་སུ་གྱུར་བས་ན་དམ་པའི་ཆོས་ཞེས་བྱ་སྟེ། ཇི་སྐད་དུ། 

སྡུག་བསྔལ་དག་ནི་ཐམས་ཅད་དང་།།

སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས།།

ཞེས་གསུངས་པ་ཡིན་པས་སོ།།

    འོ་ན་དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་སངས་རྒྱས་ཀྱི་བཀའ་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེང་སང་གི་མཁས་པ་ཚོ་དང་མཐུན་པར་རང་ཉིད་ཀྱིས་དངོས་སུ་བྲིས་ནས་གྲུབ་པ་ཤ་སྟག་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་དུས་ཁོང་གི་གསུང་རྣམས་གླེགས་བམ་དུ་བཀོད་པ་མེད་ལ། མི་བརྗེད་པའི་གཟུངས་ཐོབ་པའི་དགྲ་བཅོམ་པ་དག་གཅིག་ལ་གཅིག་ངག་ནས་ངག་ཏུ་བརྒྱུད་པ་ཡིན་ཀྱང་། མྱ་ངན་ལས་འདས་པའི་ཕྱི་ལོ་ནས་བརྩམས་ཏེ། ཀུན་དགའ་བོ་ལ་སོགས་པའི་བཀའ་བསྡུ་མཛད་པ་བོ་རྣམས་ཀྱིས་ཁོང་གི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་གསལ་བར་བཀོད་ཅིང་གླེགས་བམ་དུ་བྱས་ནས་བཞག་པ་ལ་བཀའ་བསྡུ་ཞེས་བྱའོ།།

    བཀའ་བསྡུ་དེ་ལའང་རིམ་པ་གསུམ་ཡོད་པ་ལས་བཀའ་བསྡུ་དང་བོ་ནི། སྟོན་པ་མྱ་ངན་འདས་པའི་ཚུལ་བསྟན་པའི་ཕྱི་ལོ་དེར། གནས་རྒྱལ་བོའི་ཁབ་ཀྱི་བདེ་ཅན་མའི་ཕུག་ཏུ་རྒྱལ་བོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས། འཕགས་པ་འོད་སྲུངས་ཆེན་པོས་དགེ་འདུན་གྱི་གནས་བརྟན་མཛད་དེ་དགྲ་བཅོམ་པ་ལྔ་བརྒྱས་དབྱར་གནས་པར་ཁས་བླང་སོ།། དེའི་ཚེ་སེང་གེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱས་སྣམ་སྦྱར་བཏིང་བའི་སྟེང་དུ་འཕགས་པ་ཀུན་དགའ་བོ་བཞུགས། ཞལ་མཉན་ཡོད་དུ་ཕྱོགས་ཏེ་ཐལ་མོ་སྦྱར་གདོང་མཆི་མས་གང་བཞིན་དུ་སྙན་པའི་གདངས་དང་བཅས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ལ་སོགས་པས་མདོ་སྡེའི་སྡེ་སྣོད་བསྡུས་སོ།། དེ་ནས་ཀུན་དགའ་བོ་སྟན་ལས་བབས་ཏེ་འཁོད་པ་དང་། འཕགས་པ་ཉེ་བར་འཁོར་གྱིས་སྔ་མ་བཞིན་དུ་བྱས་ཏེ་འདུལ་བའི་སྡེ་སྣོད་བསྡུས་སོ།། འཕགས་པ་འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་སོ།།     

    དེ་ལྟར་རིམ་པ་བཞིན་བཀའ་བསྡུ་ཕྱི་མ་རྣམས་བྱུང་ཚུལ་དང་། སངས་རྒྱས་བཅོམ་ལྡན་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་ཚུལ་དང་། དེའི་དོན་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་ཇི་ལྟར་བཀྲལ་ཚུལ་དང་། དེའི་སྲོལ་འཛིན་རྣམས་ཀྱིས་ཇི་ལྟར་སྤེལ་ཚུལ་དང་། དེ་ནས་དཔལ་ནཱ་ལེནྡྲའི་པཎྚི་ཏ་རིམ་བྱོན་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་མཛད་ཚུལ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཇི་ལྟར་དར་རྒུད་བྱུང་ཚུལ་གྱི་ལོ་རྒྱུས་སོགས་ནི་མང་བར་འགྱུར་བས་འདིར་མི་བཤད་དོ།།

    འོ་ན་རྒྱ་གར་ན་བཀའ་འགྱུར་ཞེས་པ་འདི་ཡོད་དམ་ཞེ་ན། བཀའ་ཞེས་པ་ཡོད་ཚུལ་ནི་གོང་དུ་བཤད་ཟིན་པ་དེ་ལྟར་ཡིན་ལ། འགྱུར་ཞེས་པ་ནི་དེ་ཉིད་སྐད་གཞན་དུ་བསྒྱུར་ནས་ཡོད་པའི་དོན་ཡིན་པས་ཐ་སྙད་འདི་རྒྱ་གར་ན་མེད་དོ།། དེས་ན་བཀའ་འགྱུར་ཞེས་པ་ནི། བོད་ཀྱི་ཆོས་རྒྱལ་ལོ་པཎ་རིམ་བྱོན་གྱིས་རྒྱ་གར་ན་ཡོད་པའི་རྒྱལ་བའི་བཀའ་རིན་པོ་ཆེ་དེ་དག་རིམ་བཞིན་བོད་སྐད་དུ་བསྒྱུར་བ་དང་བསྒྱུར་ཟིན་འཆོས་པ་རྣམས། ཕྱིས་ཀྱི་དམ་པ་རྣམས་ཀྱིས་ཕྱོགས་གཅིག་བསྒྲིགས་ནས་དཔར་དུ་བཏབ། དེ་ལ་དཀར་ཆག་ཀྱང་བསྒྲིགས་ནས་ཡོད་པའི་རྒྱལ་བའི་གསུང་རབ་བོད་འགྱུར་མ་དཔེ་ཚོགས་འདིའི་མཚན་ཡིན་ནོ།། འདིའི་ནང་ན་སྤྱིར་ཐེག་པ་ཆེ་ཆུང་གི་མདོ་སྣ་ཚོགས་སམ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་འདུལ་བའི་སྡེ་སྣོད་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་མདོ་སྡེ་སྣོད་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མངོན་པའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང་། ཡང་ན་ཐེག་དམན་དང་ཐེག་ཆེན་གྱི་སྡེ་སྣོད་གཉིས་དང་། ཐེག་ཆེན་ལ་ཡང་རྒྱུ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྟོན་པའི་མདོ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི་རྣམ་གཞག་སྟོན་པའི་གསང་སྔགས་རྒྱུད་སྡེ་དང་བཅས་པ་ཐམས་ཅད་འདུས་ཡོད་ལ། པོད་ཆེན་པོ་བརྒྱ་དང་གསུམ་མམ་བརྒྱད་ཡོད་དོ།། དེས་ན་ད་ལྟ་རང་ཅག་ཁ་བ་ཅན་པ་རྣམས་ཀྱིས་ཀྱང་རྒྱ་གར་འཕགས་ཡུལ་གྱི་མི་རྣམས་ཇི་བཞིན་ནང་ཆོས་ཀྱི་གཞུང་ལ་སྦྱོང་དུ་ཡོད་པ་འདི་ནི། སྔོན་བྱོན་ཆོས་རྒྱལ་ལོ་པཎ་དེ་དག་རྣམས་ཀྱི་བཀའ་དྲིན་ལས་མ་འདས་པས། དྲིན་ལ་དྲིན་དུ་ཚོར་བའི་བོད་པ་རྣམས་ཀྱིས་ནམ་ཡང་ཁོང་རྣམ་པའི་བཀའ་དྲིན་བརྗེད་དུ་མི་འཇུག་པར་འཚལ།

 

བཞི་བ། བཀའ་འགྱུར་ནི་བོད་ཀྱི་ནང་བ་སངས་རྒྱས་པའི་སློབ་གཉེར་བ་རྣམས་ཀྱི་སྦྱང་བྱའི་སློབ་དེབ་མཐར་ཐུག་ཡིན་ནོ།།

        

    ངས་འདི་ལྟར་བཀའ་འགྱུར་ནི་བོད་ཀྱི་ནང་བ་སངས་རྒྱས་པའི་སློབ་གཉེར་བ་རྣམས་ཀྱི་སྦྱང་བྱའི་སློབ་དེབ་མཐར་ཐུག་ཅིག་རེད་ཅེས་བཤད་ན། ཕལ་ཆེར་མི་ལ་ལས་དེ་ནི་གནས་ཚུལ་དངོས་དང་མི་མཐུན་པའི་སྐད་ཆ་ཞིག་རེད། བཀའ་འགྱུར་ལ་བལྟས་ནས་སློབ་གཉེར་བྱེད་པའི་བོད་པ་སུ་ཞིག་ཡོད་སྙམ་པ་འཆར་སྲིད་མོད། འོན་ཀྱང་འདི་ནི་སྟོང་གཏམ་ཞིག་ནི་གཏན་མ་ཡིན་ནོ།། ཁྱོད་དང་ང་ལྟ་བུ་རྣམས་ཀྱིས་དེ་ལ་བལྟ་མི་ཐུབ་ཅིང་བལྟས་ཀྱང་མི་ཤེས་པ་བདེན་ཡང་། དེ་ཙམ་གྱིས་བཀའ་འགྱུར་ལ་གཟིགས་ནས་ནང་ཆོས་ལ་སློབ་གཉེར་བྱེད་པའི་བོད་པ་མེད་པར་ག་ལ་འགྲུབ་ཅིང་གཏན་མི་འགྲུབ་སྟེ། དཔེར་ན་འཇམ་མགོན་བློ་མ་ཙོང་ཁ་བ་ལྟ་བུ་ཡོད་པས་སོ།། ཁོང་གིས་བཀའ་འགྱུར་ལ་གཟིགས་ནས་སློབ་སྦྱོང་བྱས་མ་བྱས་ནི་ཁོང་གིས་བརྩམས་པའི་ལེགས་བཤད་གསེར་འཕྲེང་དང་། ལམ་སྔགས་སོགས་མདོ་སྔགས་ཀྱིས་བསྡུས་པའི་གཞུང་རྣམས་ལ་ནན་ཏན་དུ་མཇལ་ན་ཤེས་ཐུབ་སྟེ། དེ་དག་རེ་རེའི་ནང་ན་རང་རང་གི་བསྟན་བྱ་དེ་རྩ་བའི་མདོ་རྒྱུད་ལ་ཁུངས་ཇི་ལྟར་གཏུགས་ཚུལ་དང་། མདོ་རྒྱུད་དེ་དང་དེ་དག་མ་དག་སོགས་ཀྱི་གནས་ཚུལ་གཤིས་ཕྱིན་པར་དཔྱད་པ་ཇི་ལྟར་གནང་འདུག་ཚུལ་ལ་བལྟས་ན་གཟིགས་རྟོག་གནང་ཡོད་མེད་གསལ་བར་ཤེས་ནུས་པའི་ཕྱིར་ཏེ། གལ་ཏེ་ཞིབ་གཟིགས་གནང་མེད་ན་དེ་འདྲའི་དཔྱད་པ་མཐའ་ཆོད་པ་ཞིག་འོང་ས་མེད་པས་སོ།། ཁྱད་པར་དུ་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལ་ཞིབ་ཏུ་སྦྱངས་ཚུལ་ནི། རང་རྣམ་རྟོགས་བརྗོད་འདུན་ལེགས་མ་ལས། 

རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ།།

མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད།།

རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་།།

དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས།།

གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་།།

དཔུང་བཟུང་གིས་ཞུས་བསམ་གཏན་ཕྱི་མ་སོགས།།

བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི།།

རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས།།

ཞེས་དང་། ཡང་།

རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི།།

གཙོ་བོར་གྱུར་བ་རྣམ་སྣང་མངོན་བྱང་གི།།

རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་རྣམས་ཀྱི།།

གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས།།

ཞེས་དང་། ཡང་།

རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི།།

གཙོ་བོ་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད།།

བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ།།

སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང་།།

ཞེས་དང་། ཡང་། 

བཞི་བ་རྣལ་འབྱོར་བླ་ན་མེད་པ་ལ།།

འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར།།

ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང་།།

རྣལ་འབྱོར་མ་རྒྱུད་ཀྱཻ་རྡོར་བདེ་མཆོག་གི།།

རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང་།།

མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི།།

ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད།།

གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས།།

ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ།།

བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།།

ཞེས་གསུངས་པ་ལྟར་ཡིན་པས་སོ།། དེས་ན་བཀའ་འགྱུར་ནི་སྔོན་བྱུང་བོད་ཀྱི་མཁས་དབང་དམ་པ་རྣམས་ཀྱི་སློབ་དེབ་ཅིག་ཡིན་ཞེས་བཤད་པ་ནི་དོན་དངོས་ཡིན་གྱི། འུད་བརྗོད་ཅིག་གཏན་ནས་མིན་ནོ།།

 

ལྔ་བ། རྒྱལ་བའི་བཀའ་འགྱུར་ཀློག་པའི་ཕན་ཡོན་མདོ་ཙམ་བཤད་པ།

       

    དེ་ཡང་འཕགས་པ་ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པ་ཞེས་པ་ཐེག་པ་ཆེན་པོའི་མདོ་༼ཐར་མདོ་༽ལས། ཚིགས་བཅད་གཅིག་འཆད་དམ་ཀློག་ན་བསོད་ནམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ།། འདི་ལྟ་སྟེ། 

གང་གིས་མདོ་སྡེ་འདི་འཛིན་ཡང་།།

སྡུག་བསྔལ་ཀུན་དང་ཡོངས་བྲལ་ལོ།།

ནམ་དུའང་ངན་འགྲོར་མི་ལྟུང་སྟེ།།

བདེ་བའི་གནས་སུ་ཕྱིན་པར་འགྱུར།།

ཞེས་མདོའི་ནང་གི་ཚིགས་བཅད་རེ་རེ་དང་མཚན་རེ་རེ་བཀླག་པ་ཙམ་ལའང་ཕན་ཡོན་དེ་ལྟར་ཚད་མེད་པར་གསུངས་ན། མདོ་ཆ་ཚང་བཀླག་པ་ལ་ཕན་ཡོན་ཚད་མེད་པ་ཡོད་པ་ནི་སྨོས་མ་དགོས་པ་དང་། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཡང་རབ་འབྱོར་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་བའི་ཚིགས་སུ་བཅད་པ་ཙམ་འདོན་ནམ་སྟོན་པའི་ས་ཕྱོགས་དེ་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་བ་ཡིན་ན་སུ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་འབྲི་བ་དང་། འཛིན་པ་དང་འཆང་བ་དང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ངོ་མཚར་རབ་དང་ལྡན་པར་འགྱུར་བ་ལྟ་ཅི་སྨོས། ཞེས་ཚིགས་བཅད་གཅིག་ཙམ་བཀླག་པའི་ཕན་ཡོན་ཡང་དེ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གསུངས་ཞིང་། ཡང་དེ་ཉིད་ལས། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱའི་ཐ་མ་ལ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་། འབྲི་བ་དང་འཛིན་པ་དང་འཆང་བ་དང་། ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་ལགས་སོ།། ཞེས་གསུངས་པ་ལྟ་བུ་དང་། ཡང་གདུགས་མཆོག་གྲུབ་མའི་ཕན་ཡོན་གསུངས་པ་ནའང་། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མུ་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི། གྲོ་གའམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་བཏགས་སམ་ཀློག་པར་བྱེད་ན་དེ་ཇི་སྲིད་འཚོའི་བར་དུ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། ཞེས་དང་། ཡང་བཟང་བོ་སྤྱོད་པའི་སྨོན་ལམ་ལས།  

གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །

རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ།།

ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང༌།།

ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས།།

གང་གིས་བསྔོ་བའི་རྒྱལ་བོ་འདི་ཐོས་ནས།།

བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌།།

ལན་ཅིག་ཙམ་ཡང་དད་པ་བསྐྱེད་པས་ནི།།

བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ།།

གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ།།

དེས་ནི་ངན་སོང་ཐམས་ཅད་སྤངས་པར་གྱུར།།

དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན།།

སྣང་བ་མཐའ་ཡས་དེ་ཡང་དེ་མྱུར་མཐོང༌།།

དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ།།

མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌།།

ཀུན་ཏུ་བཟང་བོ་དེ་ཡང་ཅི་འདྲ་བར།།

དེ་དག་རིང་བོར་མི་ཐོགས་དེ་བཞིན་འགྱུར།།

མཚམས་མེད་ལྔ་བོ་དག་གི་སྡིག་པ་རྣམས།།

གང་གིས་མི་ཤེས་དབང་གིས་བྱས་པ་དག།

དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན།།

མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར།།

ཞེས་དང་། ཡང་།

གང་ཡང་བཟང་བོ་སྤྱོད་པའི་སྨོན་ལམ་འདི།།

འཆང་བ་དང་ནི་བཏོན་ཏམ་ཀློག་པ་ཡི།།

དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན།།

བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག།

ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར་མདོ་རེ་རེ་ཙམ་བཀླག་པ་ལའང་དེ་ལྟར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས་ན། སེམས་གཙང་ཞིང་དད་པས་ཀུན་ནས་བསླངས་ཏེ། ཁྲིམས་ལྡན་གྱི་དགེ་འདུན་དག་སྤྱན་དྲངས་ལ་ཅི་ནུས་ཀྱི་ཡོན་ཕུལ་ཏེ་བསྟན་འགྲོའི་ཕན་བདེ་སྤྱི་ལ་དམིགས་ནས། གོང་གི་ཕན་ཡོན་ཅན་གྱི་མདོ་དེ་དག་ཀྱང་ནང་དུ་འདུས་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཡོངས་སུ་རྫོགས་པ་བཀླག་ན་ཕན་ཡོན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོངས་པ་ཚད་མེད་དཔག་ཏུ་མེད་པ་ཞིག་ཡོད་པ་ནི་སྨོས་མ་དགོས་པས་སོ།།

 

དྲུག་པ། བཀའ་འགྱུར་དག་ཚར་གསུམ་བཀླག་རྒྱུ་བྱུང་བ་དང་འབྲེལ་བའི་བསྔོ་སྨོན་ལྷག་བསམ་འོ་མཚོའི་རླབས་སྒྲ།

         

    དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་རྒྱལ་བའི་བཀའ་རིན་པོ་ཆེ་འགྱུར་རོ་ཅོག་དེ་ཉིད་ངེད་ཨ་མཆོག་ཚང་གིས་དག་ཚར་གསུམ་བཀླག་རྒྱུ་བྱུང་བ་ནི། གཅིག་ན་ལྷ་དང་བླ་མའི་ཐུགས་རྗེ། གཉིས་ན་ངེད་ཅག་ཁྱིམ་ཚང་དང་། ཡང་ན་ངེད་ཚང་ལ་འབྲེལ་ཐོགས་པའི་འགྲོ་བ་ཡོངས་ཀྱི་ཐུན་མོང་གི་བསོད་ནམས་ཉིད་དོ་སྙམ་དུ་སྙིང་ནས་དགའ་བ་སྐྱེས་སོ།། དེ་ཡང་དག་ཚར་གཉིས་ངའི་ཕ་ཡུལ་མཛོད་དགེ་རུ་སྟོད་མ་ནས་རུ་སྟོད་མའི་དགོན་དགའ་ལྡན་བསྟན་པ་འཕེལ་རྒྱས་གླིང་གི་དགེ་འདུན་པ་རྣམས་སྤྱན་དྲངས་ཏེ་གསུངས་པ་ཡིན་ལ། དགོན་པ་འདི་ནི་མཛོད་དགེ་ཨ་ཁུ་རིན་པོ་ཆེ་རྗེ་མཁས་གྲུབ་བསྟན་འཛིན་མཆོག་གིས་ཕྱག་འདེབས་གནང་བ་ཡིན། དག་ཚར་དང་བོ་དགོན་དེའི་ཉེ་འཁོར་ན་ཡོད་པའི་ངེད་ཚང་གི་ཕ་མ་གཉིས་ཀྱི་རིང་ལ་གསར་དུ་ཕུབ་པའི་་ཁྱིམ་གཞི་རྙིང་བ་དེ་ནས་གསུངས་ཤིང་། དག་ཚར་གཉིས་པ་ངའི་ཨ་ཕ་དྲིན་ཅན་གྱི་རིང་ལ་གཞི་བཟུང་བའི་འབྲོག་གི་དགུན་ས་ཨ་ཡག་ཤར་ནས་གསུངས། དག་ཚར་གསུམ་པ་ནི་ངའི་ཕ་མེས་ཡང་མེས་ཚོ་ཡུན་རིང་བོར་འཚོ་བ་རོལ་སའི་ཕ་ཡུལ་ཏེ་ཨ་མཆོག་ཅེས་བྱ་བར་ངའི་ཚ་བོ་སྒྲོལ་མ་སྐྱབས་ཀྱིས་གསར་དུ་གཞི་བཟུང་བའི་བྱམས་བརྩེ་ཞེས་བྱ་བའི་བཟོ་གྲྭ་རུ། ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་གི་དགེ་འདུན་པ་རྣམས་སྤྱན་དྲངས་ནས་གསུངས་པ་ཡིན་ལ། དགོན་པ་འདི་ནི་རྗེ་བཙུན་འཇམ་དབྱངས་དངོས་མི་ཡི་རྣམ་པར་རོལ་བ་ཀུན་མཁྱེན་སྐུ་འཕྲེང་གཉིས་པ། མ་ཧཱ་པཎྚི་ཏ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་མཆོག་གིས་ཕྱག་འདེབས་གནང་བ་ཡིན་ནོ།།

    སྤྱིར་ཡིན་ན་དགེ་བ་གསང་དགོས་ཤིང་སྡིག་པ་བཤད་དགོས་པ་ཡིན་ཟེར་མོད། འོན་ཀྱང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས། 

འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ།།

དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས།།

ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ།།

རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན།།

སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས།།

རྒྱལ་བས་གསུངས་ཞེས་འབད་པ་ཆུང་ངུས་ཀྱང་ཚོགས་རླབས་པོ་ཆེ་སྡུད་པ་ལ་དགེ་བ་སྒྲུབ་པ་ལ་རྗེས་སུ་ཡི་རང་བྱེད་པ་ཆེས་མཆོག་ཏུ་གྱུར་བར་་རྒྱལ་བ་སངས་རྒྱས་ཀྱིས་ཤེར་མདོ་སོགས་མདོ་སྡེ་རྣམས་ལས་གསུངས་ཤིང་། ཁྱད་པར་དུ་རང་གིས་སྔོན་བྱས་པའི་དགེ་བ་ལ་ངས་ཡ་མཚན་པ་ཞིག་བྱས་ཡོད་དོ་སྙམ་དུ་ང་རྒྱལ་གྱི་རློམ་སེམས་དང་བྲལ་བའི་དགའ་བ་ཆེར་བསྐྱེད་ན། སྔོན་བྱས་ཀྱི་དགེ་བ་དེ་གོང་དུ་འཕེལ་ལོ་ཞེས་རྒྱལ་བས་གསུངས་པར་གསུངས་པ་ལྟར་ཡིན་པས་ན། རང་གིས་བྱས་པའི་དགེ་བ་ཡང་རྣམ་པ་ཐམས་ཅད་དུ་ས་གསང་རྡོ་གསང་བྱེད་དགོས་པ་ག་ལ་ཡིན་ཏེ་མིན་ནོ།།

    དེས་ན་འདིར་བདག་དང་བདག་གི་གཉེན་ཉེ་རྣམས་ཀྱིས་ཀྱང་ང་རྒྱལ་གྱི་རློམ་སེམས་མེད་པར་ལྷག་བསམ་གཙང་མའི་སྒོ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དག་ཚར་གསུམ་གསུངས་རྒྱུའི་སྐལ་བ་བྱུང་བ་ནི་ངེས་པར་ལྷ་དང་བླ་མའི་བཀའ་དྲིན་ཉིད་དོ་སྙམ་དུ་ཚོར་ཞིང་ཤེས་ནས་དགའ་བ་སྐྱེས་ཏེ་རྗེས་སུ་ཡི་རང་བྱེད་པ་དང་ཆབས་གཅིག་དེ་ལས་བྱུང་བའི་དགེ་རྩ་ཐམས་ཅད་བསྟན་འགྲོའི་ཕན་བདེའི་རྒྱུ་རུ་འགྱུར་བར་ཤོག་ཅིག་ཅེས་བསྔོ་སྨོན་ཞིག་སེམས་གྱི་གཏིང་ནས་དབུལ་བར་བགྱིའོ།། 

    དེས་ན་ངས་ཐོག་མར་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བཀའ་འགྱུར་དག་ཚར་གསུམ་བཀླགས་པའི་དགེ་རྩ་འདིས་མཚོན་པའི་རྣམ་དཀར་གྱི་དགེ་བ་ཇི་སྙེད་ཅིག་བྱས་པ་དེ་དག་ཐམས་ཅད་བདག་ཅག་རྣམས་དང་འབྲེལ་ཐོགས་པའི་འགྲོ་བ་ཤི་གསོན་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ།། དེའི་མཐུ་ལ་བརྟེན་ནས་འདས་ཟིན་པ་རྣམས་ངན་སོང་གསུམ་ལས་ཡོངས་སུ་ཐར་ཏེ་བདེ་འགྲོའི་གོ་འཕང་རིམ་པར་བརྒྱུད་དེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་བགྲོད་པར་འགྱུར་བ་དང་། གསོན་པོར་གནས་པ་རྣམས་ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་མེད། ཅི་བསམ་ལྷུན་གྱིས་འགྲུབ། སྐྱེ་བ་ཐམས་ཅད་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་བའི་དམ་པའི་ཆོས་ཀྱི་དགའ་སྟོན་དང་མི་འབྲལ་ཞིང་། མཐར་ཐུག་སྐུ་བཞིའི་གོ་འཕང་རིང་མིན་བདེ་བླག་ཉིད་དུ་འཐོབ་པར་འགྱུར་བའི་སྨོན་ལམ་འདེབ་པོ།།     

    དེ་ནས་ཡུལ་གང་དང་གང་དུ་བཀླགས་པའི་ས་ཕྱོགས་ཡུལ་ཕྱོགས་དེ་དང་དེའི་སྣོད་བཅུད་ཀྱི་ཆེད་དུ་བསྔོ་བར་བགྱིའོ།། དེའི་མཐུ་ལ་བརྟེན་ནས་ཡུལ་ཕྱོགས་དེ་དང་དེར་བཀྲ་མི་ཤིས་པ་ཐམས་ཅད་དང་བྲལ་ཞིང་བཀྲ་ཤིས་པའི་སྣང་བས་ཡོངས་སུ་ཁྱབ་པར་གྱུར་ཅིག    

    ཡང་དགེ་རྩ་་དེ་དག་ཐམས་ཅད་ཕ་མ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ་བར་བགྱིའོ།། དེའི་མཐུ་ལ་བརྟེན་ནས་དམྱལ་བ་བ་རྣམས་ནི་ཚ་གྲང་བཅད་གཏུབས་སོགས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག ཡི་དགས་རྣམས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ་སོགས་དང་བྲལ་བར་གྱུར་ཅིག དུད་འགྲོ་རྣམས་ནི་བླུན་རྨོངས་དང་བཀོལ་སྤྱོད་དམ་གཅིག་ལ་གཅིག་ཟ་བ་སོགས་ཀྱི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག མི་རྣམས་ནི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་བྲལ་བར་གྱུར་ཅིག ལྷ་མ་ཡིན་རྣམས་ནི་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་གི་སྡུག་དང་བྲལ་བར་གྱུར་ཅིག འདོད་ལྷ་རྣམས་ནི་འཆི་འཕོ་འོག་ལྟུང་གི་སྡུག་བསྔལ་དང་བྲལ་བར་ཅིག བསམ་གཏན་གཟུགས་མེད་ཀྱི་ལྷ་རྣམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག

    གནས་སྐབས་སུ་ཡང་དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས་རྒྱལ་བསྟན་དར་ཞིང་རྒྱལ་ཁབ་བདེ་ལ་འབངས་སྐྱིད་པ་དང་འཛམ་གླིང་ཞི་བདེ་འོང་བར་གྱུར་ཅིག་གུ།

 

མཇུག་ཏུ་སངས་རྒྱས་བསྟན་འབར་མས་ཀྱང་བསྔོ་བར་བགྱི་སྟེ།

སེམས་ཅན་དོན་དུ་བདག་གིས་སྔོན།།

དཀའ་བ་གང་ཞིག་སྤྱད་གྱུར་དང་།། 

བདག་གི་བདེ་བ་བཏང་བ་ཡིས།།

བསྟན་པ་ཡུན་རིང་འབར་གྱུར་ཅིག།

ངས་སྔོན་ནད་པའི་དོན་གྱི་ཕྱིར།།

རང་གི་འཚོ་བ་ཡོངས་བཏང་བས།།

སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར།།

ཡུན་རིང་བསྟན་པ་འབར་གྱུར་ཅིག།

བུ་དང་བུ་མོ་ཆུང་མ་དང་།།

ནོར་དང་གླང་ཆེན་ཤིང་རྟ་དང་།།

རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།།

བསྟན་པ་ཡུན་རིང་འབར་གྱུར་ཅིག།

བདག་གིས་སངས་རྒྱས་རང་རྒྱལ་དང་།།

ཉན་ཐོས་ཕ་དང་མ་དང་ནི།།

དྲང་སྲོང་དག་ལ་མཆོད་བྱས་པས།།

ཡུན་རིང་བསྟན་པ་འབར་གྱུར་ཅིག།

བསྐལ་པ་བྱེ་བ་དུ་མར་བདག།

སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་།།

བྱང་ཆུབ་དོན་དུ་ཐོས་བཙལ་བས།།

བསྟན་པ་ཡུན་རིང་འབར་གྱུར་ཅིག།

བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་།།

དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་།།

ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས།།

ཡུན་རིང་བསྟན་པ་འབར་གྱུར་ཅིག།

བཟོད་བརྟུལ་རྟག་ཏུ་བསྟེན་བྱསཤིང་།།

སེམས་ཅན་ཉོན་མོངས་སྙིགས་མ་ཡི།།

སེམས་ཅན་ངན་བྱས་བཟོད་བྱས་པས།།

བསྟན་པ་ཡུན་རིང་འབར་གྱུར་ཅིག།

བདག་སྔོན་བརྩོན་འགྲུས་དང་ལྡན་པས།།

རྟག་ཏུ་བརྟན་ཅིང་ཕ་རོལ་གནོན།།

སེམས་ཅན་ཐམས་ཅད་བསྒྲལ་དོན་དུ།།

བདག་བསྟན་ཡུན་རིང་འབར་གྱུར་ཅིང་།།

བསམ་གཏན་རྣམ་ཐར་གཟུགས་མེད་དང་།།

ཏིང་འཛིན་གང་གཱའི་བྱེ་སྙེད་པ།།

བསྒོམས་པས་དེ་མཐུས་བདག་གི་ནི།།

བསྟན་པ་ཡུན་རིང་འབར་གྱུར་ཅིག།

ཡེ་ཤེས་དོན་དུ་བདག་གིས་སྔོན།།

དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་།།

བསྟན་བཅོས་དུ་མ་ཉེར་བསྟན་པས།།

ཡུན་རིང་བསྟན་པ་འབར་གྱུར་ཅིག།

བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་།།

འཚོ་བ་ཡོངས་སུ་བཏང་གྱུར་ཅིང་།།

ཡན་ལག་ཉིང་ལག་བཏང་བ་ཡིས།།

ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག།

བདག་སྔོན་སྡིག་པའི་སེམས་ཅན་རྣམས།།

བྱམས་པས་གསལ་བར་སྨིན་བྱས་ཤིང་།།

ཐེག་པ་གསུམ་ལ་རབ་བཀོད་པས།།

ཆོས་ཀྱི་སྦྱིན་མཆོག་རྒྱས་གྱུར་ཅིག།

བདག་སྔོན་ཐབས་ཤེས་གྱུར་པ་ན།།

སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང་།།

ཡང་དག་ལྟ་ལ་བཀོད་གྱུར་པས།།

ཆོས་ནི་རྣམ་པར་འཕེལ་གྱུར་ཅིག།

བདག་གིས་སེམས་ཅན་བསྡུ་དངོས་བཞིས།།

ཉོན་མོངས་མེ་ལས་ཐར་བྱས་ཤིང་།།

བདག་གིས་འཕེལ་སྡིག་ཕམ་བྱས་པས།།

བདག་འཁོར་ཡུན་རིང་གནས་གྱུར་ཅིག།

བདག་གིས་མུ་སྟེགས་ཅན་གཞན་དག།

ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་།།

ཡང་དག་ལྟ་ལ་བཀོད་གྱུར་པས།།

ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག།

ཡུན་རིང་བསྟན་པ་འབར་གྱུར་ཅིག།

ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།།

ཆོས་ཚུལ་རྣམ་པར་འཕེལ་བ་དང་།།

གེགས་ཀྱི་མཚན་མ་ཞི་བ་དང་།།

མཐུན་རྐྱེན་མ་ལུས་ཚང་བར་ཤོག།

བདག་དང་གཞན་གྱི་དུས་གསུམ་དང་།།

འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས།།

རྒྱལ་བ་བློ་བཟང་གྲགས་པ་ཡི།།

བསྟན་པ་ཡུན་རིང་འབར་གྱུར་ཅིག །

འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།།

བདེ་བ་ཐམས་ཅད་འབྱུང་བའི་གནས།།

བསྟན་པ་རྙེད་དང་བཀུར་སྟི་དང་།།

བཅས་ཏེ་ཡུན་རིང་གནས་གྱུར་ཅིག།

 

 སྨྲས་པ

བསམ་སྦྱོར་དགེ་བས་ཐུགས་བསྐྱེད་ཆུ་གཏེར་ལས།།

བྱུང་བའི་ཕྱིན་དྲུག་སྤྱོད་པའི་རྦ་རླབས་ཀྱིས།། 

དཀྲིགས་ཤིང་བསྐྲུན་པའི་སྐུ་གསུམ་ཟླ་ཤེལ་འོད།།

མཆོག་གྲུབ་རྒྱལ་བས་སྲིད་ཞིར་ཤིས་པ་སྩོལ།།

 

གང་ཐུགས་མཁྱེན་བརྩེ་ནུས་པའི་ཕུང་བོ་ཀུན།།

སྐལ་བཟང་གདུལ་བྱའི་བསོད་ནམས་དཔལ་གྱུར་བ།།

དྲི་བྲལ་འགོག་ལམ་དེ་སྟོན་གསུང་རབ་བཅས།།

སྙིང་ནས་བསྟོད་དོ་འགྲོ་ཀུན་གདུང་བ་སོལ།།

 

ལུང་དོན་ཚུལ་བཞིན་སྒྲུབ་པས་བསླབ་གསུམ་ནོར།།

མཆོག་བརྙེས་ཐེག་གསུམ་འཕགས་ཚོགས་དགེ་འདུན་རྣམས།།

གཙུག་གིས་བཀུར་རོ་དེ་མཐུས་འཆམ་མཐུན་གཡང།།

ཡུལ་དང་རྒྱལ་ཁམས་ཤིས་པའི་དཔལ་གྲུབ་ཤོག །

 

དད་གུས་གཙང་མས་ཁྲིམས་ལྡན་ངུར་སྨྲིག་སྡེ།།

སྤྱན་དྲངས་བཀའ་འགྱུར་བཀླག་པ་ལས་བྱུང་བའི།།

རྣམ་དཀར་དགེ་ཚོགས་ཕུང་བོ་ཅི་མཆིས་པ།།

བསྟན་འགྲོའི་ཕན་བདེ་རྩ་ལག་ཉིད་གྱུར་ཅིག །

--- རྫོགས ---


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-09-06 ལྟ་ཀློག (4950)