སྒྲ་སྦྱོར་བམ་གཉིས།

སྒྲ་སྦྱོར་བམ་གཉིས།

ལྡོང་ཡོན་ཏན་རྒྱ་མཚོས།

    བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་ཐོག་གི་གཞུང་ལུགས་ཐོག་མ་ལྟ་བུར་གྱུར་བའི་སྒྲ་སྦྱོར་བམ་གཉིས་འདི་རྒྱལ་བོ་སུའི་རིང་གཏན་ལ་ཕབ་པའི་ཐད་བཞེད་པ་མི་མཐུན་པ་གཉིས་ཡོད་དེ།  རྒྱལ་དབངལྔ་བ་ཆེན་མོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།  མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་བོད་འབངས་ཡོངས་ཀྱི་རལ་བའི་ལན་བུ་རྣམ་པར་འདུད་པའི་སེང་གེ་རྐང་བ་བརྒྱད་པའིཁྲི་ལ་མངའ་གསོལ་ཏོ།།  ཞེས་གསུངས་ཤིང་དེའི་མཇུག་ཏུ་མངའ་བདག་རལ་བ་ཅན་གྱི་སྐུ་རིང་ལ་སྐད་གསར་བཅད་ཀྱི་རྣམ་བཞག་སྒྲ་སྦྱོར་བམ་གཉིས་སུ་གཏན་ལ་ཕབ་ཚུལ་ཞིབ་རྒྱས་སུ་བསྟན་ལ།  བུ་སྟོན་རིན་པོ་ཆེས་ཀྱང་།  རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ལ་སྲས་ཁྲི་ལྡེ་བཙན་དང་།  དེའི་སྲས་སུ་ཁྲི་ལྡེ་སྲོང་བཙན་རལ་བ་ཅན་ཞེས་ཁྲི་ལྡེ་སྲོང་བཙན་ཞེས་པ་རལ་བ་ཅན་གྱི་མཚན་དུ་བཞེད་དོ།།  དེབཞིན་དུ་རྒྱལ་རབས་གསལ་མེ་དང་དག་ཡིག་ལི་ཤུའི་གུར་ཁང་། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་སོགས་ཁུངས་བཙུན་གྱི་ལོ་རྒྱུས་ཡིག་ཆ་མང་བོ་ཞིག་ལས་ཀྱང་མངའ་བདག་ཁྲི་རལ་བ་ཅན་གྱིསྐབས་སུ་ལོ་པཎ་མང་བོ་གདན་དྲངས་ཏེ་མདོ་རྒྱུད་བསྟན་བཅོས་མང་བོ་བསྒྱུར་ཞིང་སྐད་གསརབཅད་གཉིས་པས་གཏན་ལ་ཕབ་སྟེ།  བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་མཛད།  འབྲིང་བ་ལ་སྒྲ་སྦྱོར་བམ་གཉིས་ཟེར་ཞེས་གསལ་བོར་གསུངས་ཡོད་དོ།།

འོན་ཀྱང་ཉེ་རབས་ཀྱི་རྩོམ་པ་བོ་དོན་གྲུབ་རྒྱལ་གྱིས་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོརྒྱུས་མདོ་ཙམ་བརྗོད་པ་ཞེས་པར་བཀའ་གཙིགས་ཀྱི་ཡི་གེ་དང་རྡོ་རིང་།  ཏུན་ཧོང་གཏེར་ཡིགསོགས་མང་བོར་ཁུངས་བཅོལ་ནས་ཁྲི་ལྡེ་སྲོང་བཙན་ནི་བོད་ཀྱི་རྒྱལ་རབས་བཞི་བཅུ་བ་སད་ནལེགས་མཇིང་ཡོན་གྱི་མཚན་ཡིན་ཞིང་སྒྲ་སྦྱོར་བམ་གཉིས་སུ་གཏན་ལ་ཕབ་པའི་སྐད་གསར་བཅད་གཉིས་པའང་རྒྱལ་བོ་དེའི་རིང་ཡིན་པར་བཤད་ལ།  བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་སོགས་ཉེརབས་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེར་གྱིས་ཀྱང་ད་ལྟ་འདི་ཁོ་ན་འཐད་ལྡན་དུ་འཛིན་གྱིན་གདའ་འོ།།

སད་ན་ལེགས་མཇིང་ཡོན་དང་མངའ་བདག་ཁྲི་རལ་བ་ཅན་གཉིས་ཀའི་སྐབས་སུ་ལོ་པཎ་མང་བོ་སྤྱན་དྲངས་ཏེ་ཡིག་བསྒྱུར་གྱི་ཕྱག་ལས་མང་བོ་ཞིག་གནང་མྱོང་ཡང་།  སད་ན་ལེགས་མཇིང་ཡོན་གྱི་སྐབས་དཀར་ཆུང་རྡོ་རྗེ་དབྱངས་ཀྱི་ལྷ་ཁང་བཞེངས་ཤིང་དཀར་ཆག་འཕང་ཐང་མ་དངདཀར་ཆག་ལྡན་དཀར་མ་སོགས་གསར་བཞེངས་བྱས་ལ།  ཁྲི་རལ་བ་ཅན་གྱི་སྐབས་འུ་ཤང་རྡོའིདཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་ཤིང་དེའི་ནང་ནས་ལོ་པཎ་མང་བོསསྔར་བསྒྱུར་བ་རྣམས་ལ་དག་བཅོས་དང་།  སྐར་གསར་བཅད་གཉིས་པས་གཏན་ལ་ཕབ་སྟེ་སྒྲ་སྦྱོར་བམ་གཉིས་སོགས་མཛད་པར་བརྗོད་ན་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་སྙམ་སྟེ།  གནད་འགག་ནི་སྒྲ་སྦྱོར་བམ་གཉིས་ཀྱི་འགོར་།  རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོནཅང་རྡོ་ན་བཞུགས།ཞེས་བྲིས་འདུག་པའི་ཁྲི་ལྡེ་སྲོང་བཙན་དེ་སད་ན་ལེགས་དང་ཁྲི་རལ་གཉིས་ཀྱི་གང་གི་མཚན་ལ་སྦྱོར་དགོས་པ་དེར་ཐུག་ཡོད་དོ།། འདིའི་མཐའ་དཔྱད་ཞིབ་མོ་གཞན་ཞིག་ཏུ་སྤྲོཆོག་པས་རེ་ཞིག་བདག་ལྔ་བ་ཆེན་མོ་སོགས་ཀྱི་རྗེས་སུ་འབྲངས་ཏེ།  བོད་ཀྱི་རྒྱལ་རབས་ཞེ་གཅིགཔ་མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་དམ་པའི་ཆོས་བོད་སྐད་དུ་བསྒྱུར་བའི་ཐབས་མང་བོགཏན་ལ་ཕབ་ཅིང་།  ཐ་སྙད་མང་བོ་གཅིག་གྱུར་གྱིས་སྐད་གསར་བཅད་གཉིས་པ་བྱས་ཏེ།  སྐབས་དེའིསྡོམ་ཚིག་གམ་བསྒྲགས་གཏམ་ལྟ་བུར་སྒྲ་སྦྱོར་བམ་གཉིས་སོགས་བརྩམས་པར་འདོད་དོ།།

འདིར་གཞུང་དེའི་ངོ་བོ་མདོར་བསྡུས་ཤིག་འབྲི་བ་ལ།  སྤྱིར་བཀས་བཅད་ཀྱི་ཡིག་ཆའི་སྐོར་ལ་ལོ་ཆེན་བེ་རོ་ཙ་ནས་ཕྱོགས་བསྡུ་བྱས་པའི་མིང་དོན་བརྡ་སྤྲོད་རྣམ་ལྔ་ཞེས་པ་ཞིག་ཡོད་པར་བཤདཀྱང་།  ཁྲི་རལ་སྐབས་བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་གྱི་འབྲིང་བར་གྲགས་པའི་སྒྲ་སྦྱོརབམ་གཉིས་ཀྱང་ཆེས་སྔ་ཤོས་ཀྱི་ཡིག་བསྒྱུར་གཞུང་ལུགས་ཤིག་ཡིན་ཏེ།  འདི་ལ་བམ་པོ་གཉིས་ཡོད་ཅིང་སྒྲ་བསྒྱུར་རམ་ཡིག་བསྒྱུར་ཐད་ཀྱི་ཚད་དཔེར་འོས་པའི་གཞུང་ལུགས་ཤིག་ཡིན་པས་སྒྲ་སྦྱོརབམ་གཉིས་སུ་མིང་བཏགས་པའོ།།  དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་བཀས་བཅད་རིམ་པ་གསུམ་བྱསམྱོང་བ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་རྒྱ་གཞུང་མང་བོ་བོད་སྐད་དུབསྒྱུར་བའི་ཉམས་མྱོང་རྣམས་གཞིར་བྱས་ཐོག་ལེགས་ཉེས་ཀྱི་ཆ་ལ་བླང་དོར་ཞིབ་མོས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སྐད་གསར་བཅད་དང་བོ་བྱས་ཀྱང་།  ད་དུང་ནོར་འཁྲུལ་དང་མ་དག་པའིཆ་སོགས་མང་དུ་བྱུང་བས་མངའ་བདག་ཁྲི་རལ་སྐབས་སྐད་གསར་བཅད་གཉིས་པ་བྱས་ཚུལ་ནིགོང་དུ་བཤད་པ་ལྟར་ལགས་སོ།།

སྐབས་དེར་གཏན་ལ་ཕབ་པའི་སྒྲ་སྦྱོར་བམ་གཉིས་དེར་བཀས་བཅད་བྱས་པའི་ལོ་དང་།  བཀས་བཅད་བྱེད་དགོས་པའི་རྒྱུ་མཚན།  ཇི་ལྟར་བཀས་བཅད་ཚུལ་སོགས་བསྟན་ཡོད་པ་ལས།  གཙོ་བོ་ནི་ཇི་ལྟར་བཀས་བཅད་བྱས་པའི་སྐོར་ཡིན་ཏེ།  རྒྱ་བོད་ཀྱི་ལོ་ཙཱ་བ་དུ་མས་སྔར་གྱི་ཉམསམྱོང་དང་ད་ལྟའི་གནས་ཚུལ་སོགས་ཡིག་བསྒྱུར་དང་སྤྱི་སྐད་ཀྱི་དོན་ལ་ཐུགས་གཞིག་ཟབ་མོ་གནང་ནས།  ༡༽  གཞུང་གང་བསྒྱུར་ཀྱང་བརྡ་སྤྲོད་ཀྱི་དགོངས་དོན་དང་མཐུན་དགོས་པ།  ༢༽  ཆོས་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་མཐུན་དགོས་པ།  ༣༽  བོད་མི་རང་གིས་གོ་བདེ་བ་ཞིག་དགོས་པ་བཅས་རྩ་དོན་ཆེན་པོ་གསུམདང་།  ༡ སྒྲ་བསྒྱུར་བ།    དོན་བསྒྱུར་བ།  ༣ ཐད་ཀརབསྒྱུར་བ།    ཐད་ལོག་ཏུ་བསྒྱུར་བ་བཅས་བསྒྱུར་ཐབས་རྣམ་པ་བཞི།

༡༽  སངས་རྒྱས་བྱང་སེམས་སོགས་ཀྱི་མཚན་ལ་འགྲེལ་རྒྱག་སྐབས་རྒྱས་བསྡུས་ཀྱི་ཁྱདཔར་ཡོད་དགོས་ཤིང་།  ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དྷརྨ་དཀོན་མཆོག་སྤྲིན་དང་།  ལང་ཀརགཤེགས་པའི་མདོ་དང་བསྟུན་དགོས་པ།  ༢༽  བཀས་བཅད་བྱས་པ་དེ་བསྒྱུར་བའི་གྲྭ་སོ་སོས་བརྩིསྲུང་དགོས་པ།  ༣༽  གལ་ཏེ་བསྒྱུར་བའི་གྲྭ་སོ་སོར་ཡིག་བསྒྱུར་ཐད་བསམ་ཚུལ་གཞན་ཡོད་ན།     རྒྱལ་བོ་དང་ལོ་ཙཱ་བ།  མཁན་པོ་གསུམ་ལ་ཞུས་ཏེ་ཐག་བཅད་རྗེས་ལག་བསྟར་བྱེད་ཆོག་པ།  ༤༽   གསང་སྔགས་ཀྱི་གཞུང་རྣམས་གོང་ནས་བཀའ་ཕབ་སྟེ་བསྒྱུར་ཏུ་བཅུག་ན་མ་གཏོགས་ལོ་ཙཱབས་གང་འདོད་དུ་བསྒྱུར་མི་ཆོག་པ་སོགས་ཡིད་འཇོག་བྱེད་དགོས་པ་དུ་མ་གཏན་ལ་ཕབ།  དེལྟར་མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སྐད་གསར་བཅད་གཉིས་པ་བྱས་ཤིང་ཡིག་བསྒྱུར་ཐད་ལ་མཛུབ་སྟོན་རང་བཞིན་གྱི་སྒྲ་སྦྱོར་བམ་གཉིས་དང་།  རྒྱ་གར་དང་བོད་ཀྱི་སྐད་གཉིས་ཤན་སྦྱར་བའི་ཚིག་མཛོད་ཀྱང་གསར་དུ་བསྒྲིགས་པས།  བོད་ཀྱི་ལོ་རྒྱུས་ཐོག་ཚིག་མཛོད་མེད་པའི་ལོ་རྒྱུསཀྱང་མཇུག་རྫོགས་པ་ཡིན་ནོ།།

གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-19 ལྟ་ཀློག (3256)