ཅི་ཞིག་ལ་གསོན་པོའི་ནང་གི་ཤི་བོ་ཟེར།

ཅི་ཞིག་ལ་གསོན་པོའི་ནང་གི་ཤི་བོ་ཟེར།

རྩོམ་པ་བོ།  ཨ་ལགས་དོར་ཞི་རིན་པོ་ཆེས།


ཅི་ཞིག་ལ་གཙང་མ་ཟེར།
སྒེར་སེམས་མེད་པ་ནི་གཙང་མའོ། །
 
ཅི་ཞིག་ལ་རིག་རྒོད་ཟེར།
ཡིན་མིན་ཐག་ཆོད་པ་ནི་རིག་རྒོད་དོ། །
 
ཅི་ཞིག་ལ་དབུལ་བོ་ཟེར།
ཆོག་ཤེས་མེད་པ་ནི་དབུལ་བོའོ། །
 
ཅི་ཞིག་ནི་ཚེ་འདིའི་ནོར་བུ་ཡིན།
བདེན་དོན་དཔྱོད་པའི་བློ་གྲོས་ནི་ཚེ་འདིའི་ནོར་བུའོ། །
 
ཅི་ཞིག་ལ་མི་ཚེའི་རིན་ཐང་ཟེར།
གཞན་ལ་བདེ་བ་བསྐྲུན་པ་ནི་མི་ཚེའི་རིན་ཐང་ངོ་། །
 
ཅི་ཞིག་ལ་མཐར་ཐུག་གི་མཛེས་པ་ཟེར།
ཚངས་སྤྱོད་ནི་མཐར་ཐུག་གི་མཛེས་པའོ། །
 
ཅི་ཞིག་ལ་མི་སྡུག་པ་བྱ།
རང་ཁོ་ན་ལས་ཅི་ཡང་མི་སེམས་པ་ནི་མི་སྡུག་པའོ། །
 
ཅི་ཞིག་ལ་གླེན་པ་ཟེར།
གཞན་ལས་རང་གྲུང་ངོ་སྙམ་པ་ནི་གླེན་པའོ། །
 
ཅི་ཞིག་ལ་གསོན་པོའི་ནང་གི་ཤི་བོ་ཟེར།
མི་སེམས་བྲལ་བ་ནི་གསོན་པོའི་ནང་གི་ཤི་བོའོ། །
 
ཅི་ཞིག་ལ་གྲོགས་པོ་ངོ་མ་ཟེར།
རང་སྐྱོན་ཡོ་བསྲང་བྱེད་པར་སྐུལ་མཁན་ནི་གྲོགས་པོ་ངོ་མའོ། །
 
ཅི་ཞིག་ལ་ལྐུགས་པ་ཟེར།
ཞེ་ས་དང་གུས་ཚིག་སྦྱོར་མི་ཤེས་པ་ནི་ལྐུགས་པའོ། །
 
ཅི་ཤིག་ལ་ལོང་བ་ཟེར།
གཞན་སྐྱོན་ལས་མི་མཐོང་བ་ནི་ལོང་བའོ། །
 
ཅི་ཞིག་ལ་འོན་པ་ཟེར།
གཞན་གྱི་བསླབ་བྱ་རྣ་ལམ་དུ་མི་འགྲོ་བ་ནི་འོན་པའོ། །
 
ཅི་ཞིག་ལ་སྨྲ་ཤེས་པའི་དུད་འགྲོ་ཟེར།
ཁེ་ཕན་གྱི་ཆེད་དུ་གནས་ལུགས་དོར་བ་ནི་སྨྲ་ཤེས་པའི་དུད་འགྲོའོ། །
 
ཅི་ཞིག་ནི་ཆེས་སྐྲག་ས་དེ་ཡིན།
སྟོང་ལབ་ཀྱིས་མི་ཚེ་སྐྱེལ་མཁན་ནི་ཆེས་སྐྲག་ས་དེའོ། །


གསར་འགོད་པ།  སྐལ་བཟང་ལུང་རིགས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-08-05 ལྟ་ཀློག (8335)