བསླབ་བྱ་མདོར་བསྡུས་བླང་དོར་འབྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

༄༅།། བསླབ་བྱ་མདོར་བསྡུས་བླང་དོར་འབྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།


 ཤིང་བཟའ་པཎྜི་ཏ་རྗེ་བཙུན་བློ་བཟང་དར་རྒྱས།


ཨོཾ་སྭ་སྟི།   ཨེ་མ་དལ་འབྱོར་འབྲས་ལྡན་སྐྱེད་ཚལ་དུ།།

ཐུབ་པའི་བརྟུལ་ཞུགས་རྣམ་དག་ཚུལ་ཁྲིམས་ཀྱིས།།

ལེགས་པར་བསྡམས་པའི་ཐོས་སོགས་བཟླས་བརྗོད་ལ།།

གཞོལ་བའི་དྲང་སོང་དེ་ཀོ་འཇིག་རྟེན་རྒྱན།།

 

གྲོགས་དག་མནོག་ཆུང་ཚེ་འདིའི་དོན་ཙམ་དུ།།

རྟེན་བཟང་ནོར་བུ་ཆུད་གཟོན་མ་མཛད་པར།།

གཏན་གྱི་འདུན་མ་བསྒྲུབ་ཕྱིར་རྣམ་དཀར་ལ།།

རླབས་ཆེན་བརྩོན་འགྲུས་རྩོམས་ཤིག་སྙིང་གཏམ་ཡིན།།

 

རྣམ་དག་ཚུལ་ཁྲིམས་མེད་པར་བཟླས་བསྒོམ་སོགས།།

ཡུན་རིང་དགེ་ལ་འབད་ལོ་བརྒྱ་བྱས་ཀྱང་།།

མངོན་མཐོ་ཙམ་ཡང་འགྲུབ་པར་དཀའ་བས་ན།།

སྲོག་བཞིན་ཚུལ་ཁྲིམས་སྲུངས་ཤིག་སྙིང་གཏམ་ཡིན།།

 

རྐྱེན་ངན་འཛིང་བའི་དུས་འདིེར་ཆོས་བྱེད་རྣམས།།

གཉོམ་ཆུང་ཞི་དུལ་དམན་ས་ཆེར་བཟུང་ནས།།

དྲན་ཤེས་བག་ཡོད་ཤིན་ཏུ་མ་བསྟེན་ན།།

ཆོས་མགོ་ཐོན་པར་དཀའོ་སྙིང་གཏམ་ཡིན།།

 

སྒོ་གསུམ་སྡིག་ལྟུང་དཀོར་སྒྲིབ་སྣ་ཚོགས་ཀྱིས།།

ཡང་ཡང་སྦགས་པར་ཡར་སྐྱེད་འོང་དཀའ་བས།།

སྟོབས་བཞི་ཚང་བའི་བཤགས་སྡོམ་བཟླས་བརྗོད་ལ།།

རྒྱུན་དུ་བརྩོན་པ་སྐྱེད་ཅིག་སྙིང་གཏམ་ཡིན།།

 

འཇམ་མགོན་རྒྱལ་བའི་བསྟན་དང་མཇལ་དུས་འདིར།།

རྒྱུད་ཀྱི་རྒྱལ་བོ་བདེ་གསང་འཇིགས་གསུམ་གྱི།།

ཆོ་ག་བསྙེན་བསྒྲུབ་རིམ་གཉིས་རྣལ་འབྱོར་ལ།།

བག་ཆགས་བཟང་བོ་ཐོབས་ཤིག་སྙིང་གཏམ་ཡིན།།

 

འབད་པའི་དགེ་ཚོགས་བླ་མེད་རྫོགས་བྱང་དུ།།

ལེགས་པར་བསྔོས་ན་དགེ་རྩ་ཆུང་ངུ་ཡང་།།

འབྲས་བུ་མཐའ་མེད་ཉིད་དུ་འཕེལ་བའི་ཕྱིར།།

བསྔོ་སྨོན་ཤུགས་དྲག་གྱིས་ཤིག་སྙིང་གཏམ་ཡིན།།

 

བདག་ལ་དད་ལྡན་ཁྱིམ་པ་ཕོ་མོ་རྣམས།།

བསྙེན་གནས་བསྲུང་ཞིང་རྒྱུན་དུ་མ་ཎིི་སྒྲོངས།།

ནམ་ཞིག་འཆི་ཚེ་རྟ་ནོར་ཁྲི་ཕྲག་ལས།།

མ་ཎི་པད་རྡོག་གཅིག་མཁོ་སྙིང་གཏམ་ཡིན།།

 

ཚེ་འདིའི་ལྟོ་རྒྱབ་བུ་དང་ཆུང་མའི་ཕྱིར།།

རྐུ་འཕྲོག་ཁྲམ་རྫུན་རི་དྭགས་རྔོན་པ་སོགས།།

སྡིག་ལ་ཤིན་ཏུ་དཔའ་བའི་ཕོ་རྒོད་ཚོ།།

འཆི་ཁར་ལྟད་མོ་ཡོད་དོ་སྙིང་གཏམ་ཡིན།།

 

དྲག་ཞན་སྐྱ་སེར་ཕོ་མོ་མཐའ་དག་གིས།།

ལས་འབྲས་དྲང་བོར་བསྲུངས་ཏེ་དགེ་བའི་ལམ།།

དང་དུ་བླངས་ན་འདི་ཕྱི་ཐམས་ཅད་དུ།།

བདེ་སྐྱིད་རྒྱུན་མི་འཆད་དོ་སྙིང་གཏམ་ཡིན།།

 

གང་གིས་གང་ལ་སྙིང་གཏམ་སྨྲ་བ་དཀོན།།

དེ་བས་དེ་ལ་ཉན་པ་ཤིན་ཏུ་དཀོན།།

བདག་གི་ཕན་པའི་སེམས་གྱི་སྙིང་གཏམ་འདི།།

སྙིང་གི་ཟེའུ་འབྲུར་ཆོངས་ཤིག་ཤེས་ལྡན་ཚོགས།།

 

འདིར་འབད་དགེ་ཚོགས་སྟོན་ཀའི་ཟླ་འོད་ཀྱི།།

མཛེས་པ་ལན་བརྒྱར་འཐུངས་པའི་རྗེས་འགྲོ་གང་།།

སྲིད་ཞིའི་རྣམ་དཀར་ཉལ་འགྲོའི་རྒྱུན་བཟང་དང་།།

ལྷན་ཅིག་ཀུན་མཁྱེན་རྒྱ་མཚོར་འཇུག་པར་ཤོག། 

ཅེས་པ་འདི་ནི་ཆོས་སྨྲ་བ་ཤིང་བཟའ་༧ དབྱངས་ཅན་དགྱེས་བློས་སྦྱར་བའོ།།   མངྒ་ལཾ།།

ནག་བཟའ་བློ་བཟང་ཆོས་གྲགས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-07-27 ལྟ་ཀློག (3864)