དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ལ་བསླབ་བྱ་གནངས།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ལ་བསླབ་བྱ་གནངས

----གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཚོ་བྱང་ཁུལ་གྱི་ཐོན་མིའི་སློབ་ཚོགས་སྐབས་གཉིས་པའི་སློབ་ཚོགས་ཐེངས་དང་བོར་འཛོམས།

     གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཚོ་བྱང་ཁུལ་གྱི་ཐོན་མིའི་སློབ་ཚོགས་ཀྱིས་སློབ་གླིང་གཅིག་ནས་མཐར་ཕྱིན་པའི་ཡུལ་གྲོགས་སློབ་གྲོགས་ཕན་ཚུན་བར་འབྲེལ་འདྲེས་ཇེ་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་སུ་མཉམ་ཞུགས་མཉམ་བསྒྲུབ་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ།  སྤྱི་ཟླ་༧ཚེས་༡༨ཉིན་ནས་༡༩ཉིན་བར་མཚོ་བྱང་ཁུལ་གྱི་ཐོན་མིའི་སློབ་ཚོགས་སྐབས་གཉིས་པའི་སློབ་ཚོགས་ལྷན་འཛོམས་ཐེངས་དང་བོ་ཟི་ལིང་གྲོང་ཁྱེར་དུ་བསྡུས།

རྐང་ཚ་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་བཅས་ཀྱི་སློབ་གྲོགས་སུམ་ཅུར་ཉེ་བ་ཞིག་འཛོམས་པ་དང་། སྔ་གཞུག་ཏུ་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་གྱི་བྱེད་སྒོ་སྤེལ་བ། ཕན་ཚུན་བགྲོ་གླེང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་སློབ་གྲོགས་སོ་སོའི་བར་ལའབྲེལ་འདྲེས་ཀྱི་བག་ཆགས་ཟབ་མོ་བཞག ལྷག་པར་དུ་ཚེས་༡༨ཉིན་གྱི་དགོང་མོར་བོད་ཀྱི་སློབ་གསོ་བ་ཆེན་མོ་དགེ་རྒན་བཀའ་དྲིན་ཅན་འཇིགས་མེད་རྒྱལ་མཚན་མཆོག་གདན་འདྲེན་ཞུས་ཏེ་ཡུལ་དངོས་ཀྱི་སློབ་བུ་ཡོངས་ལ་སློབ་གྲོགས་ཚོགས་པའི་གལ་ཆེན་རང་བཞིན་དང་སློབ་གྲོགས་ལྷན་འཛོམས་ཀྱི་དགོས་པ། ཐོན་མིའི་སློབ་གསོའི་དགོངས་དོན། སྤྱི་ཚོགས་སུ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་བྱ་བ་བསྒྲུབ་པ་དང་སྤྱི་ཚོགས་ལ་ཕན་པའི་བྱ་བ་བསྒྲུབ་པ། རང་བྱུང་སྐྱེ་ཁམས་ཀྱི་ཆོས་ཉིད་དང་དམ་པའི་ལྷ་ཆོས། འཇིག་རྟེན་མི་ཆོས་སོགས་དང་མ་འགལ་བའི་ཀུན་སྤྱོད་ལེགས་པོ་བཟུང་སྟེ་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་པའི་བསླབ་བྱ་གནད་དུ་སྨིན་པ་གནངས།

ཁོང་གིས་གསུང་རྒྱུར། བྱ་བ་ཅི་ཞིག་བསྒྲུབ་ན་དེའི་སྔོན་ལ་དེ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་སློབ་སྦྱོང་མཐར་ཕྱིན་བྱ་དགོས་པ་དང་། མཉམ་འབྲེལ་གྱི་བྱ་བསྒྲུབ་པའི་དུས་སུ་ངེས་པར་སྒྲིག་ཡིག་དང་གན་རྒྱ་གསལ་བོ་འབྲི་རྒྱུ་རྩ་བའི་ཆ་རྐྱེན་རེད། དེའི་རྗེས་སུ་གན་རྒྱའི་སྒྲིག་ཡིག་ནང་བཞིན་བྱ་བ་རེ་རེ་འཐུས་ཤོར་མེད་པའི་སྒོ་ནས་ལག་བསྟར་བྱས་ན་ད་གཟོད་བྱ་བ་དེའི་མཐའ་འཁྱོངས་ངེས་རེད། ད་ལྟ་དཔལ་འབྱོར་དུས་རབས་སུ་སླེབས་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་ལ་བརྩོན་ལེན་གྱི་ཚ་རླབས་འཕྱུར་བའི་དུས་སྐབས་འདིར་དཔལ་འབྱོར་གཉེར་བའི་ཁ་ཕྱོགས་ལ་གདམས་གསེས་བཟང་བོ་བྱ་དགོས། དཔེར་ན་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་དང་མཐུན་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མི་གནོད་པ། ས་གནས་རང་རང་སོ་སོའི་རྒྱུན་རིང་བའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་མི་གནོད་པའི་ཆ་རྐྱེན་འོག་ཏུ་མཉམ་འབྲེལ་སྒོས་དཔལ་འབྱོར་འཚོལ་གཉེར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་རེད། བྱ་བ་ཅི་ཞིག་བསྒྲུབས་ཀྱང་དེ་ལ་ཐོག་མའི་དམ་བཅའ་བརྟན་པོ་འཇོག་པའི་སྙིང་སྟོབས་ཡོད་དགོས་ལ། དམ་བཅའ་བརྟན་པོ་རྒྱུན་འཁྱོངས་བྱེད་ཐུབ་ན་ད་གཟོད་བྱ་བ་དེ་ལེགས་འགྲུབ་འབྱུང་ངེས་རེད་ཅེས་གསུངས།

 ཚེས་༡༩ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱི་ཐོན་མིའི་སློབ་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དང་བོ་བསྡུས་ཤིང་། ཚོགས་ཐོག་ནས་འདས་པའི་བྱ་བར་སྤྱི་སྡོམ་དང་རྗེས་ཕྱོགས་ཀྱི་བྱ་བ་སོ་སོར་བཀོད་སྒྲིག་བྱས།

གསར་འགོད་པ།  ཨ་རིག་མཁས་བཟང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-07-20 ལྟ་ཀློག (6426)