སྐབས་བཅོ་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས།

སྐབས་བཅོ་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་ཐེངས་གཉིས་པ་བསྡུས་ཤིང་མ་ཡུམ་སློབ་གླིང་གི་དགེ་རྒན་རྣམས་ལ་

དྲིན་གཟོའི་གསོལ་ཚིགས་དྲངས།


      ༢༠༢༠ ལོའི་ཟླ ༧པའི་ཚེས༡༠ ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བཀའ་དྲིན་དང་ཐུགས་བསྐྱེད་ཀྱིི་ཀློང་ནས་ནར་སོན་པའི་སྐབས་བཅོ་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་ལྷན་འཛོམས་སྐབས་གཉིས་པ་མ་ཡུམ་སློབ་གླིང་དུ་བསྡུས་ཤིང་། སློབ་གྲོགས་རྣམས་ཟླ ༧ པའི་ཚེས ༩ ནུབ་མོར་གངས་ལྗོངས་ཤེས་རིག་སློབ་གླིང་དུ་ཕྱོགས་སོ་སོ་ནས་འདུས་ཏེ། མ་ཡུམ་སློབ་གླིང་གི་བྱེད་པོ་དམ་པ་དགེ་རྒན་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་། བཛྲ་ཚུལ་ཁྲིམས་རྒྱ་མཚོ། ལྡོང་ཡོན་ཏན་རྒྱ་མཚོ། འཛིན་བདག་དགེ་རྒན་ཀརྨ་ལམ་བཟང་སོགས་ཀྱི་མདུན་དུ་མཇལ་བཅར་ཞུས། དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱ་བ་གང་དང་ཅི་ཞིག་བསྒྲུབ་ཀྱང་ལྷག་བསམ་རྣམ་དག་དང་། སྙིང་སྟོབས་བརྟན་པོ་དགོས་ཚུལ་སྐོར་གྱི་གསུང་བཤད་ཡིད་འཁུལ་བ་གནང་བ་དང་། དགེ་རྒན་བཛྲ་ཚུལ་ཁྲིམས་མཆོག་གིས་མི་ཞིག་ལ་མཚོན་ན་ཁྲེལ་དང་ངོ་ཚ། ལས་དང་རྒྱུ་འབྲས་སྲུང་བ་ལས་གལ་ཆེ་བ་མེད་ཚུལ་དང་། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལས་འཕྲོས་ཏེ་འཇིག་རྟེན་ཡ་རབས་ཀྱི་མི་ཆོས་དང་། དམ་པའི་ལྷ་ཆོས་གང་ལ་ཡང་འཕྲོད་ཅིང་མི་ཚེའི་ལམ་སྟོན་གྱི་བསླབ་བྱ་གྱ་ནོམ་པ་སྩལ། དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མ་རེ་རེའི་བྱ་བའི་གནས་ཚུལ་དང་། འཚོ་བ་བཅས་ལ་རྒྱུས་ལོན་གནང་ཞིང་། མཇུག་མཐར་སློབ་མ་སོ་སོའི་ཁ་ཕྱོགས་དང་བྱ་བར་འཚམ་པའི་སློབ་སྟོན་རྨད་དུ་བྱུང་བ་གནང་བར་མ་ཟད། འཛིན་བདག་དགེ་རྒན་ཀརྨ་ལམ་བཟང་མཆོག་གིས་ཀྱང་མི་ལོ་བརྒྱད་ལ་མ་མཇལ་བའི་སྙིང་གཏམ་དང་བསླབ་བྱ་མང་དུ་གསུངས་ཏེ། སློབ་གྲོགས་ལྷན་འཛོམས་ཐེངས་གཉིས་པའི་སྒོ་གླེགས་བཀྲ་ཤིས་རྟེན་འབྲེལ་གྱི་ཀློང་ནས་ཕྱེས། 

    ཟླ༧ པའི་ཚེས༡༠ ཉིན་གྱི་སྔ་དྲོར་ཐོན་མིའི་འབུམ་གླིང་དང་། དཔེ་མཛོད་ཁང་སྒྲ་སྒྱུར་གཙུག་ལག་གླིང་། གླིང་སྟོད་མཁས་པའི་འབྱུང་གནས་སོགས་སུ་མཆོད་མཇལ་དང་ལྟ་སྐོར་བྱས་ཤིང་། མ་ཡུམ་སློབ་གླིང་གི་མི་ལོ་འདི་དག་གི་ཕྱི་ནང་གི་འཕེལ་རྒྱས་ལ་སློབ་གྲོགས་རྣམས་ཀྱིས་དགའ་བའི་འཛུམ་མདངས་གྲོལ་ཅིང་བསྟོད་པའི་མེ་ཏོག་ཡང་ཡང་ཕུལ། ཉིན་གུང་སློབ་དཔོན་རྣམ་གསུམ་དབུར་བཞུགས། མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ལ། ཨ་མྱེས་ཁྲ་རྒན་རིག་གནས་ཁམས་བསངས་གླིང་དུ་ལྷན་འཛོམས་གསོལ་སྟོན་ནམ་དྲིན་གཟོའི་གུང་ཚིགས་དྲངས་ཤིང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་བཀའ་སློབ་གསུང་བཤད་གནང་བ་དང་། སྐབས་བཅོ་ལྔ་བའི་མཐར་ཕྱིན་འཛིན་གྲྭའི་སློབ་གྲོགས་དག་གིས་གླུ་དང་རྡུང་ལེན་སོགས་རིག་རྩལ་སྣ་ཚོགས་ཀྱི་མཆོད་པ་ཕུལ་པ་དང་། སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་བསམ་འགྲུབ་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི་ཡུལ་ཤུལ་ཕྱོགས་ཀྱི་མཐོ་གསུམ་སློབ་མའི་ཉིན་ཐོ་ཕྱོགས་བསྒྲིགས་ཀྱི་དེབ《ལང་ཚོ་རུམ་པའི་ལོ་ཟླ》འི་དཔེ་ཕུད་དགེ་རྒན་དང་སློབ་གྲོགས་ཡོངས་ལ་སྤྱན་བསྟར་ཞུས་ཤིང་། དགེ་སློབ་ལྷན་འཛོམས་ཀྱི་མཉམ་པར་སྒྲོན་པ་དང་། ཕྱི་དྲོར་གླིང་སྨད་དང་སྨན་རྩིས་འགྲོ་ཕན་གླིང་ལ་མཆོད་མཇལ་བྱས། ནུབ་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐར་ཕྱིན་དགོང་ཚོགས་ཆེན་མོར་མཉམ་ཞུགས་ཞུས་ཏེ། མ་ཡུམ་སློབ་གླིང་གི་བཀའ་དྲིན་དང་ཁ་ཕྱོགས་ཞེ་ལ་ཉར་ནས་གོམ་པའི་འདེགས་འཇོག་མདོ་སྨད་སོག་རྫོང་རྩྭ་ཐང་ཆེན་མོར་བསྒྱུར་བ་བཅས་སོ། །

གསར་འགོད་པ། གླིང་བུའི་སྙེ་མ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-07-11 ལྟ་ཀློག (4687)