འབའ་སྣང་གྲོལ་གྱི་དེབ་གསར་འགྲེམ་བརྡ།


འབའ་སྣང་གྲོལ་གྱི་དེབ་གསར་འགྲེམ་བརྡ།


      འབའ་སྣང་གྲོལ་གྱི་དེབ་གསར་༼གནའ་བོའི་མི་ཆོས་ཀྱི་རིག་གཞུང་སློབ་གསོ༽ཞེས་པ་ཉེ་ཆར་འགྲེམ་སྤེལ་བྱས་ཤིང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་སོགས་སུ་ཐོག་མར་དབུ་འབྱེད་ཀྱི་ཚུལ་དུ་བཀྲམ་པ་དང་། སློབ་གྲྭ་དེ་གའི་དགེ་རྒན་རྣམས་ཀྱིས་གདེངས་འཇོག་བླ་མེད་ཐོབ་པར་མ་ཟད།   དེ་དང་བསྟུན་ནས་དེབ་གསར་འདི་དྲྭ་ལམ་སོགས་སུའང་ཡི་གེ་བ་རྣམས་ཀྱིས་དོ་སྣང་ཤུགས་ཆེན་གནང་ཞིང་། རྩོམ་པ་པོའི་ཕ་ཡུལ་འབའ་རྫོང་དུ་ཤེས་ཡོན་པ་དང་གྲོགས་པོ་འགས་སྣེ་ཁྲིད་དེ་མི་ཆོས་དེབ་གསར་འགྲེམ་སྤེལ་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཤིང་།  མཛད་སྒོའི་སྟེང་དུ་རྩོམ་པ་པོས་མི་ཆོས་ཀྱི་དེབ་གསར་འདི་འདྲ་ཞིག་བྲི་བའི་ཀུན་སློང་དང་དགོས་པ་སོགས་ཀྱི་སྒོ་ནས་གཏམ་བཤད་བྱས་པ་དང་།   ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ་དང་འབའ་སྲས་མོ། དགེ་རྒན་བསོད་ནམས་ཀུན་ལྡན།  བཀྲ་ཤིས་རྒྱ་མཚོ།   ཞིང་གཙོ་ཆོས་བྷ་སོགས་ཀྱིས་རང་རང་གི་བསམ་ཚུལ་ལྷུག་བརྗོད་གནང་ནས་རྩོམ་པ་པོ་ལ་རྟེན་འབྲེལ་ཞུས། 

ཤེས་རིག་སློབ་གླིང་ནས་རྩོམ་པ་པོ་དང་དགེ་རྒན་གྱི་ལིང་འཇིགས་མེད། ལྡོང་རུ་ཆོས་དུང་། བླ་ནག་སྐལ་ལྡན་སོགས་དང་བགྲོ་གླེང་གནང་བཞིན་པ།

     གནའ་བོའི་མི་ཆོས་ཀྱི་རིག་གཞུང་སློབ་གསོ་ཞེས་པའི་མི་ཆོས་རིག་གཞུང་གི་རྩོམ་དེབ་འདི་ནི་རྩོམ་པ་པོས་ལོ་འགའི་རིང་བྲིས་པ་ཞིག་ཡིན་ཞིང་།  དེབ་འདིའི་ནང་དུ་བོད་རང་གི་རིག་གཞུང་ཁྲོད་ཀྱི་མི་ཆོས་ཀྱི་རྩ་བའི་ངོས་འཛིན་དང་། བོད་རང་གི་མི་ཆོས་རིག་གཞུང་སྤྱིའི་འཕེལ་རིམ། ཏུན་ཧོང་གི་ལོ་རྒྱུས་དང་འབྲེལ་ནས་ཕུ་ནུའི་མདོའི་བསྟན་བཅོས་ཀྱི་བྱུང་བ་བརྗོད་ཡོད་པར་མ་ཟད། ཕུ་ནུའི་མདོའི་བསྟན་བཅོས་གཞུང་ཁོག་སྤྱི་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས།  གསལ་འགྲེལ་ཞིབ་ཏུ་བཀོད་ནས་མི་ཆོས་ཀྱི་ཚན་པ་རེ་རེེར་བརྗོད་བྱང་གསར་དུ་བཏགས་ཡོད།   ཁྱད་པར་དུ་ཕུ་ནུའི་མདོའི་བསྟན་བཅོས་འདི་བོད་རང་གི་མི་ཆོས་རིག་གཞུང་ཆེས་སྔ་ཤོས་དང་བོད་ཀྱི་མི་ཆོས་རིག་གཞུང་འཕེལ་རིམ་སྤྱིའི་ཕྱི་མོ་ལྟ་བུར་གྱུར་ཡོད་པའི་བསམ་ཚུལ་བཏོན་ཡོད།


རྩྭ་ཐང་བུ་མོའི་སློབ་གཙོས་གདེངས་འཇོག་གནང་བཞིན་པ།


རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་སློབ་ཡོངས་ལ་རྩོམ་པ་པོས་དེབ་འདི་ངོ་སྤྲོད་གནང་བཞིན་པ།


འབའ་རྫོང་དུ་བསྡུས་པའི་དེབ་འདིའི་འགྲེམ་སྤེལ་མཛད་སྒོ།


འགྲེམ་སྤེལ་མཛད་སྒོའི་ཟུར་ཞིག


སྦྲ་ནག་ནང་གི་དེབ་གསར་སྒོ་འབྱེད།


གནའ་བོའི་མི་ཆོས་ཀྱི་རིག་གཞུང་སློབ་གསོ།


ཕྱོགས་ཐམས་ཅད་དུ་མངགས་ཉོ་བྱེད་བཞིན་པ།


སྡེབ་ཉོ་དང་སིལ་ཉོ་གནང་ན་བཤེར་རིས་འདིར་འབྲེལ་དང་། ས་གནས་གང་ཡིན་ཡང་བསྐུར་ཐུབ།



རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-05-25 ལྟ་ཀློག (6993)