སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།

    སྤྱི་ལོ་༢༠༢༠ལོའི་ཟླ་༥པའི་ཚེས་༧ཉིན་གྱི་སྔ་དྲོར་རང་རེའི་སློབ་གླིང་གི་དགེ་རྒན་དག་གིས་དུས་རྒྱུན་ལྟར་དྲ་ལམ་སློབ་ཁྲིད་བྱས་ཤིང་།   ལས་བཟོ་བ་རྣམས་ཀྱིས་སློབ་མའི་ཇ་ཁང་སོགས་ལ་གཙང་སྦྲ་དང་།  འཚོ་བའི་ཡོ་བྱད་དང་སྒྲིག་ཆས་སོགས་ལེགས་སྒྲིག་བྱས་པ་དང་།  རིམས་འགོག་སྨན་བཅོས་ཀྱི་ཅ་ལག་སྣ་ཚོགས་འཐུས་ཚང་བཟོས་པ་དང་།  ཉིན་གུང་ལ་དགེ་རྒན་དང་ལས་བཟོ་བ་ཚང་མས་མཉམ་དུ་སློབ་གླིང་གི་ཁོར་ཡུག་ཕྱི་ནང་ཚང་མར་གཙང་བཟོ་གང་ལེགས་བྱས་ཏེ་སློབ་འགོ་གསར་བ་ཚུགས་པར་ཡང་བསྐྱར་གྲ་སྒྲིག་གང་ལེགས་བྱས་ཤིང་།   དེ་བཞིན་གླིང་སྟོད་སྨད་བར་གྱི་གཞུང་ལམ་གཡས་གཡོན་གྱི་འགྲམ་གཉིས་ནས་འགྱིག་ཤོག་དང་དམ་བུ་སྟོང་བ།  དེ་མིན་ཟས་སྣོད་སོགས་གད་སྙིགས་སྣ་ཚོགས་བཏུས་ཏེ་ཁོར་ཡུག་གི་འབག་བཙོག་གཙང་དག་བྱས།


     གཞན་ཡང་ཟླ་བ་འདི་དག་གི་རིང་ལ་དགེ་རྒན་རྒན་གཞོན་ཚང་མས་དྲ་ལམ་སློབ་ཁྲིད་ཀྱི་བྱ་བར་འབད་བརྩོན་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་པ་དང་།   དགེ་རྒན་རྣམ་པས་སློབ་ཁྲིད་ཀྱི་ཞོར་དུ་ད་དུང་སློབ་ཁང་དང་ཉལ་ཁང་།   ཇ་ཁང་།   ཚོགས་ཁང་།   སློབ་མའི་སྤྱོད་ཁང་སོགས་ལ་གཙང་བཟོ་བྱས་པར་མ་ཟད།   ཁོར་ཡུག་ལ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བའང་ཡག་པོ་བསྒྲུབས།


      མདོར་ན་ལོ་འདིར་དགེ་རྒན་རྣམ་པས་ལྷག་བསམ་རྣམ་པར་དག་པས་ལུས་ཤུགས་དང་སེམས་ཤུགས་ཡོད་ཚད་སློབ་གསོའི་བྱ་བཞག་གི་ཆེད་དུ་ཕུལ་དང་འབུལ་བཞིན་ཡོད་ཅིང་།    གཉིད་ཆག་ཟས་བརྗེད་ཀྱིས་རང་རང་གི་ལས་དོན་ལ་འབད་འབུངས་བླ་ལྷག་གནང་བཞིན་པ་མིག་མཐོང་ལག་ཟིན་ལྟར་རོ།།



གསར་འགོད་པ།    འབྲོང་རྫི།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-05-07 ལྟ་ཀློག (4203)