​བྱིས་པའི་གླུ་ཚིག་དང་འབྲེལ་བའི་བསམ་ཚུལ་འགའ།

བྱིས་པའི་གླུ་ཚིག་དང་འབྲེལ་བའི་བསམ་ཚུལ་འགའ།

རྩོམ་པ་བོ།  བྱ་སྟོད་བོད་ཕྲུག 

         སྤྱིར་གླུ་ཚིག་ནི་མགུར་དང་སྒྲུང་། དམངས་གླུ། ལ་གཞས། གླུ་ཤགས། རྡུང་ལེན། གླུ་དབྱངས་བཅས་བརྗོད་བྱ་དང་རྣམ་པ་མི་འདྲ་བའི་སྒྱུ་རྩལ་གྱི་ཁྱབ་ཁོངས་ཆེ་ཁག་ཅིག་ཡིན། དེ་ལ་མི་དང་མིའི་ཐུན་མོང་མ་ཡིན་པའི་ཡིད་ཀྱི་དད་མོས་དང་མཛེས་དཔྱོད་ཀྱི་ལྟ་བ། ལུས་སེམས་ཀྱི་བདེ་སྡུག བརྩེ་གདུང་གི་ཚོར་བ། འཚོ་གནས་ཀྱི་འགྱུར་བག ཡུལ་སྲོལ་དང་གོམས་གཤིས་སོགས་གྲུབ་ཆ་སྣ་མང་འདུས་ཤིང་། སྙན་མོ་ངག་དང་བདེ་མོ་འགུག་ལ་འཚམས་པའི་སྒོ་ནས་བརྩམས་པའི་ཁ་གསལ་གོ་བདེ་བའི་རྩོམ་རིག་ཅིག་ཡིན་པར་འདོད།

         ཁ་གསལ་གོ་བདེ་ཞེས་པ་ཡང་ཁ་བརྡ་ལྟ་བུ་ཚིགས་སུ་བཅད་པ་ཁོ་ན་ཞིག་མ་ཡིན་པར་རྒྱུན་སྤྱོད་རིང་བཞིན་གྱི་ཚིག་རྒྱན་གྱིས་སྤྲོས་འཚམས་པ། བོད་སྐད་ཀྱི་སྤྱི་འགྲོས་དང་ཁྱད་ཆོས་མ་ཡལ་བ། སྙན་ཞིང་འཇེབས་པ། ཡིད་འགུག་ཆེས་ཆེར་ཐེབས་པའི་ནང་སེམས་ཀྱི་ཚོར་བའི་ཚབ་མཚོན་སྒྱུ་རྩལ་ཞིག་ལ་གོ་དགོས་སྟབས་གླུ་ཚིག་འབྲི་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན།

         ལྷག་དོན་སྐབས་བབས་ཀྱི་བྱིས་པའི་གླུ་ཚིག་ནི་ངེད་ཅག་གིས་དང་དོད་བླ་ལྷག་བྱེད་དགོས་པ་མ་ཟད། བྱིས་གླུ་རྩོམ་མཁན་གང་དེ་ཉིད་བྱིས་པའི་སེམས་ཁམས་དང་དགའ་མོས། བྱིས་པའི་འཚོ་གནས། བྱིས་པའི་སྐད་ཆ་སོགས་མདོར་ན་བྱིས་པ་དང་འགྲོགས་འདྲིས་ཟབ་ཅིང་རྒྱུས་མངའ་ཆེ་བ་ཞིག་ཡིན་དགོས་པ་མ་ཟད།  བོད་མི་རིགས་ཀྱི་སློབ་གསོའི་རྨང་བརྟན་ཞིང་ཁ་ཕྱོགས་ངེས་ཅན་ཞིག་དང་འཆར་ཡན་སྒྱུ་རྩལ་ལ་བྱང་ཆ་ལྡན་པ་ཞིག་ཡིན་དགོས་པར་སྙམ།

         དེ་ལ་མཁས་པའི་དབང་བོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་གིས་༼གངས་ཅན་བྱིས་གླུ་༽ལ་བསྩལ་བའི་ཤིས་ཚིག་བྱིས་གླུ་བྱིས་པའི་གཏམ་རྒྱུད་ཅེས་པར།

གལ་ཆེར་མཐོང་ནས་བྱིས་པའི་གླུ་དབྱངས་དང་།  །

བྱིས་པའི་གཏམ་རྒྱུད་མུ་འགོད་སྣང་བརྙན་དང་།  །

གླུ་དབྱངས་སྙན་མོ་དག་དང་ལྷན་གཅིག་ཏུ།  །

བསྡེབས་པའི་སློབ་གསོའི་ཐབས་འདི་ཤིན་ཏུ་མཚར།  ། 


         ཞེས་གསུངས་པས་བྱིས་གླུའི་རིན་ཐང་དངོས་དེ་སྒྱུ་རྩལ་སློབ་གསོའི་ལེགས་ཐབས་སུ་འགྲོ་མིན་གྱིས་འབྱེད་དགོས་པ་དང་།  བྱིས་གླུ་ནི་བྱིས་པར་མཚོན་ན་ཁོ་ཚོའི་ལུས་ངག་ཡིད་གསུམ་ཀྱི་འཚར་ལོངས་དང་འབྲེལ་བ་ངེས་ཅན་ཡོད་པས་སྒྱུ་རྩལ་གྱི་ལམ་ནས་འཇིག་རྟེན་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་དང་སྤྲོ་སྣང་ར་སྤྲོད། མི་དང་སྐྱེ་འགྲོ་མཐུན་མོང་གི་བྱམས་པ་དང་བརྩེ་བ་སོགས་ཚེ་སྲོག་གི་རིན་ཐང་ལ་འདྲ་མཉམ་དང་བརྩི་འཇོག་གི་བློ་རྒྱ་སྐྱེད་པ། མཚར་འཛིན་གྱི་བྱིས་བློའི་འདུ་ཤེས་དང་རང་བཞིན་ལས་བྱུང་བའི་བློ་དོགས་གང་མང་ལ་རྟོག་པ་འཆར་ཡན་གྱི་དྲི་ལན་གསལ་བོར་འདྲེན་ནུས་པ་སོགས་བྱིས་གླུ་ནི་རིན་ཐང་བྲལ་བའི་སྒྱུལ་རྩལ་སློབ་གསོ་ཞིག་ཡིན་སྟབས། འདི་ལ་གང་བྱུང་གིས་སྙན་ཚིག་ཙམ་བསྒྲིག་ཤེས་པས་ག་ལ་ཆོག  

         མདོར་ན་བྱིས་གླུའི་ཁ་གཏད་ཡུལ་ནི་བསམ་བློ་གང་ཡང་མ་སྨིན་པའི་བྱིས་པ་ཚོར་ཆེས་ཐོག་མའི་བསམ་བློའི་སློབ་གསོ་སྤྲོ་སྣང་གི་ལམ་ནས་བརྒྱུད་སྤྲོད་བྱ་དགོས་པས་འདི་ལ་ཤིན་ཏུ་གཟབ་མནན་བྱེད་འོས། དེ་བས་མཛའ་བརྩེ་ཞི་མཐུན་གྱི་བསམ་བློ་སྔོན་དུ་བཏང་ནས་མི་རིགས་རང་ཉིད་ཀྱི་སློབ་གསོའི་ཁྱད་ཆོས་མ་ཡལ་ཞིང་དམངས་སྲོལ་དང་མཐུན་པའི་རྟོག་བཏགས་འཆར་ཡན་གྱི་རྣམ་པས་ཕྱུག་པ།  ན་ཆུང་བྱིས་པ་ཚོས་གོ་བདེ་བའི་བརྡ་ཆད་ངོས་ཡངས་པ། བྱིས་པའི་ཁོར་ཡུག་ལས་མ་འདའ་བའི་བརྗོད་བྱ་ཚང་བའི་བྱིས་གླུ་ནི་ད་གཟོད་སྤྲོ་སྣང་སློབ་གསོ་ཞེས་པ་དང་གཉིས་སུ་མེད་པས་ན་ཆུང་བྱིས་པའི་ལང་ཚོའི་མཛེས་སྡུག་ལ་ཁ་སྣོན་དང་། བསམ་བློ་དང་ཀུན་སྤྱོད་ཀྱི་སྣེ་ཁྲིད་ཐུབ་པའི་གཞོགས་འདེགས་སུའང་འགྱུར་ངེས་པར་འདོད།  འདིར་རྩོམ་པ་བོ་ཨ་རིག་མཁས་བཟང་གིས་གསར་རྩོམ་གནང་བའི་བྱིས་གླུ་༼འུ་ཚོ་ཚང་མའི་ལོ་སར་བཟང་༽ཞེས་པར་ཅི་ཤེས་ཅུང་ཤེས་ཀྱིས་ཕྲན་དཔྱད་ཙམ་ཞུ་བར་སྤྲོ་སོང་།

ཚན་པ་དང་བོ།

         བྱིས་གླུ་འདི་ལ་ཉན་མ་ཐག་རྩོམ་པ་བོའི་བསམ་བློའི་རྒྱབ་ལྗོངས་དང་འདུ་ཤེས་མངོན་པར་གསལ་ཞིང་བྱིས་པར་ཧ་ཅང་འཚམས་པའི་ཐ་སྙད། བརྗོད་བྱ། རྟོག་བཏགས་དང་འཆར་ཡན་བཅས་བྱིས་གླུའི་སྡེབ་སྦྱོར་གྱི་ཆ་ཐམས་ཅད་ཚང་བའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་མཐོང་བྱུང་། བྱིས་པ་ཚོར་མཚོན་ན་ལོ་སར་དང་རང་གི་སྐྱེས་སྐར་གཉིས་ལས་ལྷག་པའི་དུས་སྟོན་ཁྱད་པར་བ་དང་སྤྲོ་སྣང་ཅན་ཞིག་མེད་པ་དང་། དེའི་ནང་བོད་པ་རང་ལ་མཚོན་ན་ལོ་སར་ནི་བྱིས་པ་མཐུན་མོང་བས་རེ་སྨོན་དུ་གྱུར་ནས་ཡོད་སྟབས་བྱིས་གླུ་འདིས་བརྗོད་བྱར་བཟུང་བ་ནི་བྱིས་པ་ཚོས་ལོ་གཅིག་གི་ནང་དུ་རེ་སྒུག་གི་ཉི་མ་མཛུབ་མོ་ཆུང་ཆུང་གིས་རེ་རེ་བཞིན་བགྲེང་བའི་སྤྲོ་སྣང་ཆེས་ཆེར་ལྡན་པའི་དུས་སྟོན་ཁྱད་པར་བ། ལོ་སར་བསུ་བའི་དགའ་འབོད་དེ་འདུས་ཡོད་པས་བྱིས་གླུའི་བརྗོད་བྱ་འདེམས་སྟངས་ཐད་ནས་ཧ་ཅང་བྱིས་པར་ཁ་ཐག་ཉེ་བ་དང་།  དེ་ཡང་རྩོམ་པ་བོ་ཁོའི་འཚར་ལོངས་ཀྱི་གོ་རིམ་ཞིག་ལ་ཕྱི་དྲན་བྱས་པའི་འདུ་ཤེས་དང་ཀུན་སློང་གིས་བོད་འབྲོག་ཡུལ་གྱི་ན་ཆུང་གཅེས་གྲོགས་ཤིག་གི་ལོ་སར་བསུ་བའི་བརྩེ་བ་མངོན་པར་གསལ་བ་འདི་ལྟར།

རྟེ་འུ་ཆུང་ཆུང་ལོ་སར་བཟང་། །

བེ་འུ་ཆུང་ཆུང་ལོ་སར་བཟང་། །

ལུ་གུ་ཆུང་ཆུང་ལོ་སར་བཟང་། །

ང་ནི་འབྲོག་ཕྲུག་ཆུང་ཆུང་ཡིན། །

རྟེ་འུ་རྩེད་རྩེད། བེ་འུ་རྩེད་རྩེད། ལུ་གུ་རྩེད་རྩེད། 

འུ་ཚོ་ཚང་མ་ལོ་སར་བཟང་། 

    ཞེས་རྟེའུ་དང་བེའུ་ལུ་གུ་བཅས་ནི་འབྲོག་ཕྲུག་ཆུང་ཆུང་ཚོའི་ཁོར་ཡུག་ནས་འབྲལ་ཐུབ་མེད་པའི་གྲོགས་པོ་སྙིང་ལ་གཅེས་པ་དག་ཡིན་ཏེ། ལྷག་པར་དེང་གི་དུས་སུ་བོད་རིགས་མཁར་གྲོང་བ་ཚོའི་བྱིས་པར་མཚོན་ན་བག་ཡངས་ལྷིང་འཇགས་ཀྱི་འབྲོག་མིའི་འཚོ་གནས་དང་། རྟ་ནོར་ལུག་གསུམ་ལྷམ་མེར་བཀྲ་བའི་ཡིད་འོང་སྤངས་ལྗོངས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་རྒྱུ་དེ་ཧ་ཅང་དཀོན་པ་མ་ཟད། དེ་དག་ནི་གནའ་གཏམ་ཞིག་ཏུ་འགྱུར་ལ་ཡོད་པས་དེ་རྣམས་དྲན་སྐུལ་རང་བཞིན་གྱིས་བྱིས་པ་ཚོའི་སེམས་ཁམས་སུ་འབྲོག་མིའི་འཚོ་གནས་ལ་དུང་བ་བསྐྱེད་པར་རྟེ་འུ་རྩེད་རྩེད། བེ་འུ་རྩེད་རྩེད། ལུ་གུ་རྩེད་རྩེད། ཞེས་རྟ་ནོར་ལུག་གསུམ་དང་འབྲལ་དུ་མེད་པའི་འབྲོག་ཕྲུག་དག་ནི། ཆུང་བྱིས་པའི་དུས་སུ་རྟ་ནོར་ལུག་གསུམ་དང་མཉམ་དུ་རྩེད་ཞོར་འཆིང་ཞོར་འཚར་དགོས་ལ། ཆེ་རྒན་དར་གཞོན་གསུམ་གྱི་དུས་སུའང་རྟ་ནོར་ལུག་གསུམ་དང་ལྷན་དུ་འཚོ་ཞིང་གནས་པའི་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་རྩ་ཆེན་ཞིག་རྩོམ་པ་བོའི་བསམ་བློ་འབབ་ས་རུ་གྱུར་ནས་ཡོད་སྟབས་ཁོ་བོས་ཀྱང་བྱིས་གླུ་འདི་ལ་ཕྲན་དཔྱད་རེ་ཞུ་སྤྲོ་བའི་ཆ་གཅིག་དེ་འདི་ཡིན།


ཚན་པ་གཉིས་པ།

         བོད་པའི་སྤྱི་ཚོགས་གསར་རྙིང་གཉིས་ལ་མཚོན་ན་རྒྱལ་ཡོངས་སུ་རྨོངས་པའི་གྲངས་ཚད་མང་བའི་དུས་རབས་ཤིག དུས་རབས་གསར་བ་དང་རིག་གནས་གསར་བའི་རྦ་རླབས་ཀྱིས་ཕྱོགས་ཀུན་ནས་རྨོངས་པ་སེལ་ཞིང་འཆིང་རྒྱ་གྲོལ་བའི་སྔོན་ཐོན་དུས་རབས་ཤིག་ལ་ཚད་གཞི་རིམ་སྤར་བྱས་ཡོད་རབས་ཡོངས་བསྒྲགས་བྱས་ཤིང་། སློབ་གསོའི་ལམ་ལུགས་སྣ་ཚོགས་ལག་བསྟར་བྱས་ཏེ་མི་ལོ་དྲུག་བཅུ་ནས་བདུན་བཅུ་འདས་པའི་དེ་རིང་། བོད་ཀྱི་ཤེས་ལྡན་པ་ཀུན་ཀྱིས་བསམ་གཞིག་དམིགས་ཀྱིས་གནང་དགོས་པའི་གནད་འགག་ཅིག་ཡིན་ལ། ལྷག་པར་མི་ལོ་ལྔ་བཅུ་ནས་དྲུག་ཅུའི་རིང་ལ་ཆེད་དུ་མི་རིགས་སློབ་གསོ་དར་སྤེལ་གྱི་ལས་ལ་གཞོལ་ཏེ་དགུང་ལོ་བགྲེས་པོ་ཆགས་པ་རྒྱལ་གཉེར་སློབ་གླིང་ཁག་གི་མཁས་པའི་དབང་བོ་ཁྱེད་རྣམ་པར་མཚོན་ན། དུས་རབས་གསར་རྙིང་གཉིས་ཀྱི་སོ་མཚམས་ན་བཞུགས་པའི་མི་རིགས་སློབ་གསོ་བ་རྐྱང་ཡིན་ཕྱིར་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དགེ་སྐྱོན་དང་སློབ་གསོའི་སྤུས་ཚད། སློབ་གསོའི་ལམ་ལུགས་དང་ལེགས་ཐབས་ཀྱི་ཐད་ནས་དགེ་སྐྱོན་གང་ཡོད་ངོ་སྲུང་ཚིག་གིས་སེར་བོར་མ་བྱས་ཤིང་། ཁ་ཡག་གཏམ་གྱིས་དཀར་པོར་མ་བསྒྱུར་བ། ཤ་ཚའི་སྙིང་གཏམ་དམར་བོར་བརྗོད་དེ་མཁས་པའི་གདམས་པ་གང་མང་གཟུར་གནས་ཀྱིས་སྩོལ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་དུས་སུ་མཐོང་བའི་རེ་ཞུ་སྔོན་ལ་གཏོང་འདོད་ཅིག་བྱུང་བ་ཡིན། 

         སྐབས་སུ་བབས་པ་འདིར་བྱིས་སྐྱོང་སློབ་གསོའི་ཐད་ནས་དེང་སྐབས་བོད་གཞིས་བྱེས་གཉིས་ཀྱི་རོང་འབྲོང་གང་ནའང་རྒྱུན་འཛིན་དང་དར་སྤེལ་ཐུབ་ཀྱིན་མེད་པའི་བོད་རང་གི་ཁྱིམ་ཚང་སློབ་གསོ་ལས་འཕྲོས་པའི་རྟོག་པ་འཆར་ཡན་གྱི་སྒྱུ་རྩལ་བརྩམ་སྒྲུང་སྟེ། བྱིས་པར་གནའ་གཏམ་བཤད་པའི་གོམས་སྲོལ་ཡག་པོ་དེ་རྩོམ་པ་བོས་དམིགས་ཀྱིས་དྲན་སྐུལ་ཞིག་བྱས་ཡོད་དེ།

ཨ་མ་དྲེད་མོང་ལོ་སར་བཟང་། །

རི་བོང་བློ་ལྡན་ལོ་སར་བཟང་། །

ཕ་མའི་གནའ་གཏམ་ལོ་སར་བཟང་། །

ང་ནི་ཕ་མའི་གཅེས་ཕྲུག་ཡིན། །

དྲེད་ཕྲུག་ཆུང་ཆུང་། རི་བོང་ཆུང་ཆུང་། གནའ་གཏམ་ཆུང་ཆུང་།

འུ་ཚོ་ཚང་མ་ལོ་སར་བཟང་།

   ཞེས་པ་ནི་ཅི་འདྲའི་སྙིང་ལ་གཅེས་པ་ཞིག ཅི་འདྲའི་ཕྱིར་དྲན་ཟབ་མོ་ཞིག་ཨང་།  ཁོ་བོ་རང་ལ་མཚོན་ན་ཡང་མི་ཡུལ་གྱི་གནས་ལུགས་ཟབ་མོ་གང་མང་མང་ཞིག་གནའ་གཏམ་ལས་ཐོག་མར་གོ་བ་ལོན་པ་ཡིན་ཏེ། མཛའ་བརྩེ་དང་ཕྱི་ཐག མཐུན་སྒྲིལ་དང་ལ་རྒྱ། དྲིན་གསོ་དང་སྙིང་རྗེ། བློ་རིག་དང་སྤོབས་པ། ད་དུང་སྤྱོད་ལེགས་དང་ངན་གཤིས། ལས་དགེ་བ་དང་སྡིག་པ་སོགས་ཆུང་བྱིས་དུས་སུ་རང་གི་རྒན་པོ་ཚོའི་ངག་ནས་ནམ་རྒྱུན་ཐོས་པའི་གནའ་གཏམ་དང་མཚར་སྒྲུང་དག་ལས་ངེས་བཟུང་ཞིང་དབྱེ་བ་འབྱེད་པ་ཡིན།

         དེའི་ཕྱིར་བྱིས་པ་ཚོར་མཚོན་ན་ཨ་མ་དྲེད་མོང་ལས་གཉེན་ཉེ་སུ། རི་བོང་བློ་ལྡན་ལས་སྤུན་གྲོགས་སུ། ཨ་ཁུ་སྤྱིང་ཀི་ལས་འཇིགས་ས་གང་། དངོས་གནས་བྱིས་གླུ་འདི་ལ་ཉན་ཞིང་འདིའི་གླུ་ཚིག་རེ་རེ་ལ་བསམ་གཞིག་བྱས་སོང་ན་ང་རང་ད་ལྟ་མག་མོག་ཏུ་གྱུར་བའི་དམངས་ཁྲོད་ཀྱི་བྱིས་པའི་མཚར་སྒྲུང་དག་ལས་ཕྱིར་འོང་མི་འདོད་པའི་གནས་སུ་སྐྱལ་འགྲོ་བ་ཞིག་རེད། 

         དེ་ཡང་བྱིས་གླུ་དང་བྱིས་སྒྲུང་དག་ནི་འཛམ་གླིང་རྩོམ་རིག་སྟེང་གོ་གནས་གལ་ཆེན་ཞིག་ཟིན་ཡོད་དེ། མི་རིགས་གང་དེའི་དམངས་ཁྲོད་རྩོམ་བྱུང་གི་ལོ་རྒྱུས་རིང་ཞིང་རྟོག་པ་འཆར་ཡན་དང་ཤེས་རིག་གི་ཆུ་ཚད་མཐོ་ས་ཞིག་ནས་མ་གཏོགས་འབྱུང་མི་ཐུབ་པར་གསུངས་པས་བྱིས་གླུ་དང་བྱིས་སྒྲུང་དག་གི་རིན་ཐང་ངེས་ཟིན་ཡང་དག་སྒོས། ནམ་རྒྱུན་རང་གི་གམ་ན་ཡོད་པའི་བྱིས་པ་རྣམས་ལ་བོད་དམངས་ཁྲོད་ཀྱི་གནའ་གཏམ་དང་མཚར་སྒྲུང་གང་མང་མང་བཤད་པའི་གོམས་སྲོལ་བཟང་བོ་དེ་མ་ཉམས་གོང་འཕེལ་དུ་གཏོང་དགོས་པ་དང་། ཐུན་མོང་མ་ཡིན་པའི་རང་མི་རིགས་ཀྱི་གནའ་གཏམ་དང་མཚར་སྒྲུང་དག་གིས་མ་གཏོགས་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ཁག་གང་གིས་ཀྱང་། རང་ཅག་བོད་པའི་བྱིས་པ་ཚོར་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། འཚོ་བའི་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཤ་འདྲེས་པགས་འདྲེས་སུ་གྱུར་བ་ལྟ་བུའི་ཤུགས་རྐྱེན་ཟབ་མོ་རེ་ཐེབས་མི་ཐུབ་པ་དང་། དེ་ལས་ལྡོག་སྟེ་རང་ངོ་གཞན་འགྱུར་གྱི་ཉེན་ཁ་ཡང་འབྱུང་སྲིད་པའི་གནད་དེ་ཡང་གཟབ་པར་བྱ་འོས། 

         ད་དུང་"ཕ་མའི་གནའ་གཏམ་"ཞེས་པ་དང་"ང་ནི་ཕ་མའི་གཅེས་ཕྲུག་ཡིན་"ཞེས་པར་བསམ་ན། ཕ་མ་སུ་ཡིན་ནའང་རང་གི་བྱིས་པར་གཅེས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།  རེད་དེ་གཅེས་ཕྲུག་ལ་གཅེས་ཤེས་ཤིང་གཅེས་ཚོད་ཟིན་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། དེ་ལ་འདིར་ཤུགས་སུ་གོ་བའི་ཕ་མས་རང་གི་བྱིས་པར་གནའ་གཏམ་སོགས་བཤད་པ་ནི། རང་གི་བྱིས་པ་དེ་གཅེས་ཕྲུག་ཡིན་པའི་བདེན་དབང་གལ་ཆེན་དང་། བུ་ཕྲུག་གཅེས་སྐྱོང་བྱ་ཚུལ་མ་ནོར་བའི་ཐབས་ཤིག་ཀྱང་རེད། དེ་མིན་དེང་སྐབས་ཀྱི་ཕ་མ་མང་ཆེ་ཤོས་ཀྱིས་གཅེས་ཕྲུག་གང་དེ་གཅེས་ལངས་སུ་གཏང་ནས་ཁ་པར་ལག་ནས་མི་གཏོང་བ་དང་། ལས་བྱ་ལག་ལ་མི་ལེན་པའི་བུ་རྒྱུད་གཤིས་ངན་དུ་བཏང་ཚར་བ་དེ་གཅེས་མ་ཤེས་ཕྲུག་གཅེས་གཅེར་བུ་ཞེས་པའི་དཔེ་ལས་མ་འདུས།

         དེ་བས་ཨ་མ་དྲེད་མོང་དང་ཨ་ཁུ་སྤྱིང་ཀི ལུ་གུ་འབའ་འབའ། རི་བོང་བློ་ལྡན་སོགས་ཀྱིས་མཚོན་པའི་ལེགས་ཉེ་བླངས་དོར་གྱི་བརྗོད་བྱ་ཚང་བའི་དམངས་ཁྲོད་གནའ་གཏམ་དག་ནི་དོན་ལ་གཅེས་ཕྲུག་ཚོའི་ཀུན་སྤྱོད་ལེགས་བཅོས་ཀྱི་སློབ་གསོའི་ཐབས་ལམ་ཁྱད་པར་བ་ཞིག་ལས་མ་འདས་ལ། གླུ་ཚིག་ཏུ་རྩོམ་པ་བོས་ཀྱང་གནའ་གཏམ་གྱི་བརྗོད་དོན་གྱིས་བྱིས་པ་ཚོར་འཇིག་རྟེན་གྱི་གནས་ལུགས་གང་མང་གསལ་འགྲེལ་དང་ངེས་ཟིན་ཡང་དག་ཐོབ་ཐུབ་པ་ནི་སློབ་གསོའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་པར་དགོངས་ཡོད་ལ། ཉེ་ཆར་ཉམ་ལ་ཉེ་བའི་བོད་དམངས་ཁྲོད་ཀྱི་གནའ་གཏམ་དག་རྒྱུན་འཛིན་དར་སྤེལ་གཏོང་བའི་དྲན་སྐུལ་དུ་ཨ་མ་དྲེད་མོང་དང་རི་བོང་བློ་ལྡན་གཉིས་ལ་ལོ་སར་ཞུ་བ་དང་ཕ་མའི་གནའ་གཏམ་ཡུན་རིང་དུ་གནས་པའི་སྨོན་འདུན་བསྒྲིགས་ཡོད་པ་མ་ཡིན་ནམ།

ཚན་པ་གསུམ་པ།

         ཚང་མས་ཤེས་གསལ་ལྟར་ཉེ་བའི་ལོ་འགའི་ཡར་སྔོན་ལ་རང་སྐད་དག་མོ་རེ་ཤོད་པའི་རེ་སྐུལ་དང་ལེགས་ཐབས་སུ་རང་སྐད་བཤད་ཤེས་ན་རང་མིས་རང་ལ་དཔའ་དར་དང་གཟེངས་བསྟོད་བླ་མེད་གནང་བའི་གནས་ཚུལ་དགོད་བྲོ་བོ་དང་ཡང་ན་ཡིད་མུག་པའི་གནས་ཤིག་ནས་ང་ཚོ་ཚང་མ་སད་འོང་བ་རེད། སྐབས་ཐོག་དེར་ང་ཚོའི་མཁས་པའི་དབང་བོ་གང་མང་མང་གིས་སྐད་ཡིག་གི་སྐྱེ་འཆི་གླེང་ནས་བོད་ཡུལ་སྟོད་སྨད་ཐམས་ཅད་ཡོམ་ཡོམ་དུ་བསྒུལ་བྱུང་བ་རེད་དེ། ཁ་སང་དེ་རིང་མཁས་པ་རེ་འགའ་དང་ས་གནས་རེ་གཉིས་མ་གཏོགས་ཕ་སྐད་གཙང་མའི་ཨ་གསར་གྱི་རྟ་ཕོ་མཐུར་མེད་དག་ཐང་ཆད་ནས་སྐད་ཡིག་གི་འཆི་རྐྱེན་ལ་དེ་ཙམ་དོ་སྣང་བྱེད་བཞིན་མེད་པའི་སྐབས་འདིར།  ཕྲན་ཆུང་གིས་ལོ་ཆུང་བྱིས་པ་ཚོའི་འཁོར་ཡུག་གི་བོད་སྐད་ཉམ་ང་ཞིང་ཉག་ཕྲ་བ་དེ་མི་གླེང་ཀ་མེད་བྱུང་ངོ་། །

         དེ་ཡང་སྐབས་སུ་བབས་པའི་གླུ་ཚིག་གིས་ཀྱང་གནད་དུ་བཟུང་ཡོད་དེ།

བོད་སྐད་གཙང་མ་ལོ་སར་བཟང་། །

བོད་ལྭ་ཆུང་ཆུང་ལོ་སར་བཟང་། །

བོད་ཡིག་དབྱངས་གསལ་ལོ་སར་བཟང་། །

ང་ནི་བོད་ཀྱི་བུ་ཆུང་ཡིན། །

བོད་སྐད་སིང་སིང་། བོད་ལྭ་ལྡེམ་ལྡེམ། བོད་ཡིག་ལྷང་ལྷང་།

འུ་ཚོ་ཚང་མ་ལོ་སར་བཟང་།

   ཞེས་རྩོམ་པ་བོས་གླུ་ཚིག་གི་མཇུག་ལ་བྱིས་པའི་སྐད་ཆའི་ཟོལ་དང་། ཡང་ན་རབ་བཏགས་རང་བཞིན་གྱིས་བོད་སྐད་གཙང་མ་ལོ་སར་བཟང་། བོད་ལྭ་ཆུང་ཆུང་ལོ་སར་བཟང་། བོད་ཡིག་དབྱངས་གསལ་ལོ་སར་བཟང་བཅས་བོད་པ་རང་གི་ཁྱད་རྟགས་སུ་འདི་གསུམ་ནམ་ཡང་གནས་ཤིང་དར་རྒྱས་འབྱུང་བའི་རེ་སྨོན་དང་ཀུན་སློང་གིས་བརྗོད་ཡོད། དེ་ནི་ཉེ་བའི་སྤྱི་ཚོགས་ཁྲོད་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། དེང་སྐབས་ཁ་པར་དང་བརྙན་འཕྲིན།  གློག་ཀླད་སོགས་ཁྱབ་ཆེ་བའི་ཚན་རྩལ་གྱི་ཡོ་བྱད་མང་སྟབས་ལུས་སེམས་བརྙན་ཤེལ་དང་འབྲལ་མེད་དུ་ཆགས་ཤིང་། དེ་ལས་རང་མི་རིགས་ཀྱི་སྐད་ཡིག་གི་བཀོལ་རྒྱ་ཆུང་དྲགས་པས་བོད་པའི་ན་ཆུང་ཚོ་ལྟ་ཅི་འབྲོག་པ་རྒན་རྒོན་ཚོས་ཀྱང་ངང་ངམ་ཤུགས་ཀྱིས་གཞན་སྐད་རེ་གཉིས་རེ་མ་ལབ་རང་ལབ་ཏུ་ཆགས་ཡོད་པ་རེད།

         འདི་འདྲའི་དུས་རབས་ཤིག་ལ་ལྷག་པར་མཁར་གྲོང་ཁག་གི་བོད་རིགས་བྱིས་པ་ཚོར་མཚོན་ན། རྒྱུད་དུ་བོད་སྐད་བོད་ཡིག་གི་སྤྱོད་སྒོ་ཆུང་ཞིང་ཐ་འཁོར་གྱི་རྩེད་གྲོགས་ཕན་ཚུན་ལ་ལབ་པའི་སྐད་ཆ་དག་ཀྱང་གཞན་སྐད་རྐྱང་ཡིན་པ། རྩེད་མོའི་རྣམ་པ་ཡང་རྭ་ཅོ་རྡང་ལ་བསྟར་ཞིང་རྡོ་དང་རྡེའུ་མཐའ་ནས་སྒྲིག་པའི་ཕ་ས་འབྲོག་ཡུལ་གྱི་འཚོ་བ་བག་ཡངས་པ་དེ་མི་མཚོན་པར། མེ་མདའ་དང་རྒྱང་ཤེལ་ཐོག་པའི་གཏུམ་སྤྱོད་ཀྱི་འཐབ་འཛིང་གི་གནས་བབས་འཇིགས་ཡེར་བ་དེ་མཚོན་པའི་རྩེད་མོའི་རྣམ་པ་ཞིག་ཏུ་འགྱུར་ཡོད་པ།  

         ད་དུང་ཡིད་དབང་འགུག་པའི་གཞན་སྐད་ཀྱི་འགུལ་རིས་བརྙན་འཕྲིན་དང་རོལ་རྩེད་ཀྱི་ཀློང་ནས་ཁོ་ཚོའི་སྐད་དང་ཆ་ལུགས། དགའ་མོས་སོགས་མང་བོ་ཞིག་བོད་པ་རང་དང་བདེ་མོ་བཞག་ནས་གཞན་སྡེ་རིགས་ཀྱི་ངོ་བོར་ཁ་བ་ཆུ་ལ་འཐིམ་པ་ལྟར་གནས་པའི་དུས་འདིར། ལོ་ཆུང་བྱིས་པའི་འཁོར་ཡུག་ནས་བོད་ཡིག་བོད་སྐད་གཙང་མ་རེ་བཤད་པའི་འདུ་ཤེས་དམ་འཛིན་དང་རྒྱུན་སྐྱོང་མ་བྱས་ན། མི་རིགས་ཤིག་ལ་རྩ་བ་ནས་རྫོགས་ཚིག་བཀོད་ཟིན་པ་མ་ཡིན་ནམ།

         དེའི་ཕྱིར་ཐབས་ལམ་སྣ་ཚོགས་སྤྱད་དེ་བྱིས་པ་ཚོར་ཁ་གཏད་ནས་བོད་རང་སྐད་ལས་བརྩམས་པའི་དམངས་ཁྲོད་ཀྱི་བྱིས་སྒྲུང་ཁག་ནམ་རྒྱུན་བྱིས་པར་བཤད་པ།  ང་ཚོའི་ཁྱད་ནོར་རྟ་ནོར་ལུག་གསུམ་དང་གངས་རི་དང་སྤང་ལྗོངས། བླ་རི་དང་བླ་མཚོ་སོགས་བྱིས་པའི་སེམས་ཁམས་སུ་བོད་ཀྱི་སྣོད་བཅུད་མཐའ་དག་ཅིག  གླུ་དབྱངས་སྙན་མོའི་ལམ་དང་།  མཚར་སྒྲུང་སྙན་མོའི་ལམ་དང་། ཡང་ན་མཛེས་རྩལ་དང་རོལ་མོ། རྩེད་མོའི་རང་བཞིན་སོགས་ཀྱི་ལམ་ནས་བག་ཆགས་འཇོག་ཅི་ཐུབ་ཀྱིས་ཐབས་ཤེས་གང་ཡོད་འདོན་དགོས་པ་འདི་ཆེས་གནད་ཆེ་བ་ཞིག་རེད།

         གསལ་བཤད་ཅིག་ལ་ཕྲན་ཆུང་གི་རྩོམ་རིགས་ཆུ་ཚད་ཕྱོགས་ཀུན་ནས་དམའ་བས་བྱིས་གླུ་འདིའི་སྒྱུ་རྩལ་གྱི་ཆ་དང་ནང་དོན་གྱི་ཆ་སོགས་ཟུར་གང་ཅིའི་ཐད་ནས་རྒན་པོ་སོ་མེད་ཀྱིས་ཟས་མ་ཆོད་པའི་རང་མཚངས་འདྲ་བསྟན་ཡོད་ངེས་ཀྱང་། རང་ཉིད་དངོས་གནས་རི་བོང་གནམ་རྡིབ་ཀྱི་དཔེ་ལྟར་མི་རིགས་དྲང་རྐྱང་འདིའི་བུ་རྒྱུད་ལ་སེམས་ཁུར་ཆེ་བ་དང་། བྱིས་སྐྱོང་རིག་གནས་དང་སློབ་གསོར་སློབ་སྦྱོང་དང་དོ་སྣང་བྱེད་པར་དགའ་དྲགས་པས། གོང་དུ་བྱིས་གླུའི་དོན་གནད་ཀྱི་ཆ་ནས་འཕྲོས་བཤད་རང་བཞིན་གྱི་བསམ་ཚུལ་ཙམ་ཞུས་ཚར་ཡོད། 

         གཤམ་དུ་བྱིས་གླུ་འདིས་རང་ལ་བག་ཆགས་ཟབ་མོ་བཞག་པ་ཚིག་གི་སྒྱུ་རྩལ་གཙོ་བོ་དག་བཀོད་ན། ‘རྟེ་འུ་རྩེད་རྩེད། བེ་འུ་རྩེད་རྩེད། ལུ་གུ་རྩེད་རྩེད། འུ་ཚོ་ཚང་མ་ལོ་སར་བཟང་’ཞེས་པ་བྱིས་པའི་ནང་སེམས་ཀྱི་སྤྲོ་དགའི་ཉམས་སྣང་མངོན་པར་མཚོན་པའི་ཆ་དེ་དང་། ‘ཨ་མ་དྲེད་མོང་ལོ་སར་བཟང་། རི་བོང་བློ་ལྡན་ལོ་སར་བཟང་’ཞེས་པས་ལྷད་མེད་དྭངས་གཙང་གི་བྱིས་བློའི་བརྩེ་བ་དྲོན་མོ་དང་ཕྱི་ཐག་མཚོན་པའི་ཆ་དང་། ད་དུང་‘བོད་སྐད་གཙང་མ་ལོ་སར་བཟང་། བོད་ལྭ་ཆུང་ཆུང་ལོ་སར་བཟང་’ཞེས་པ་ཐུན་མོང་མ་ཡིན་པའི་བྱིས་པའི་གླུ་ཚིག་ལ་མ་གཏོགས་བྱིས་པའི་སྐད་ཆའི་རང་བཞིན་གྱི་རྟོགས་བཏགས་སྒྱུ་རྩལ་འདི་འདྲ་བཀོལ་མི་བདེ་མོད། འདིར་སྙིང་རྗེ་ལ་གོ་བདེ་བའི་ཚིག་གི་སྒྱུ་རྩལ་འདི་ལས་ཡག་ཤོས་ཤིག་བརྗོད་དུ་མེད་པས་ཚིག་རྒྱན་སྤྲོས་འཚམས་པ་བཅས་ཀྱིས་བྱིས་གླུ་འདི་ནི་དམངས་སྲོལ་རྩོམ་རིགས་ཀྱི་བྲོ་བ་ལྡན་པ། བྱིས་པ་ཚོའི་སྐད་ཆ་དང་དེའི་ཁྱད་ཆོས་རང་བཞིན་གྱིས་མངོན་པར་བརྒྱན་ཏེ་ཡིད་སེམས་ཀྱི་གཏིང་རིམ་ལ་ཧ་ཅང་སྙན་ཞིང་འཇེབས་པ་ཞིག་ཏུ་ཕྲན་གྱིས་མཐོང་བྱུང་།  

          སྤྱིར་འདི་དག་ཙམ་གྱིས་བྱིས་གླུའི་ཚིག་དོན་དང་སྒྱུ་རྩལ། ད་དུང་གླུ་ཚིག་རང་ངོས་ན་བཙལ་དུ་ཡོད་པའི་སྡེབ་སྦྱོར་གྱི་དབྱངས་འགྲོས་དང་སྙན་ཆ། རོལ་མོ་གདངས་དབྱངས་སོགས་བྱིས་གླུ་དང་འཚམས་མིན། བྱིས་པའི་སྐད་གདངས་ལ་གནོད་མིན་སོགས་དཔྱད་བྱ་བགྲེང་གིས་མི་ལངས་མོད་སྐབས་སུ་འདི་ཙམ་གྱི་མཐིས་པར་བྱའོ། །

         མཐར་བོད་གངས་ཅན་པའི་རྗེས་རབས་པ་དང་མ་འོངས་ཡོད་ཚད་ཀྱི་བདག་པོ་གངས་རིའི་གཅེས་ཕྲུག་གམ་ཨ་མའི་ལོ་ལོ་ཡོངས་ལ་ནད་མེད་བདེ་ཐང་ངང་བོད་རིགས་རྣལ་མ་རྐྱང་རྐྱང་གི་ངོས་ནས་འཚར་ལོངས་འབྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།

2020.3.25ཉིན་ཨ་མའི་ལོ་ལོ་ཞིབ་འཇུག་ལྟེ་བ་ནས་སྤེལ།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-03-31 ལྟ་ཀློག (4724)