ཤ་ཚ་བའི་ཁ་ཏ་གླུ་རུ་བླངས།


ཤ་ཚ་བའི་ཁ་ཏ་གླུ་རུ་བླངས།

བཛྲ་ཚུལ་ཁྲིམས་རྒྱ་མཚོས།
དུས་དེང་སང་སྐྱེ་བོ་ཕལ་མོ་ཆེ།།
གཏམ་ཆེན་པོ་བཤད་རྒྱུར་ཧ་ཅང་དགའ།།
ཁ་ཉན་ན་ཁ་ཕོད་མི་སྒྲོག་རོགས།།
འདི་ཚིག་ཤུལ་དོན་གྱིས་འཚབ་རྒྱུ་དཀའ།།

གཏམ་གང་བཤད་ཁ་ཙམ་མ་གཏོགས་མེད།།
ཚིག་སྙན་ཡང་ཕྱོགས་བསྒྲིགས་ལས་མེད་ན།།
གྲལ་གོར་མོའི་དཀྱིལ་སྙིང་ཟིན་ཐབས་མེད།།
བསམས་ཤེས་ན་འཕྲལ་ཕུགས་གང་ཕན་སོམས།།

དུས་དེང་སང་སྐྱེ་བོ་ལ་ལ་ཞིག །
གཏམ་ཀུ་རེ་རྩེད་རྒྱུར་ཧ་ཅང་དགའ།།
ཁ་ཉན་ན་རྩེད་མོ་ཐལ་མ་དྲག །
ཚོད་མ་ཐུག་དགྲ་རུ་འགྱུར་ཉེན་ཆེ།།

གཏམ་གང་བཤད་རྩེད་མོ་མ་གཏོགས་མེད།།
ཁ་བདེ་ཡང་དོན་དག་མེད་ན་ནི།།
མིང་སྟོང་བས་མི་མགོ་འཛིན་ཚུལ་མེད།།
བསམས་ཤེས་ན་བཤད་ཤེས་ལབས་ཤེས་བྱོས།།

དུས་དེང་སང་སྐྱེ་བོ་ལ་ལ་ཞིག །
གཏམ་ཁ་ཡག་རྐྱང་རྐྱང་བཤད་རྒྱུར་དགའ།།
ཁ་ཡག་པ་གྲགས་རུང་ཁོག་རུལ་ན།།
གྲོགས་མཛའ་བཤེས་དགྲ་རུ་སྡང་ཉེན་ཡོད།།

ཁ་ཡག་པ་མ་གཏོགས་ལྷག་བསམ་མེད།།
དོན་གཞན་མགོ་བསྐོར་རྒྱུ་ལས་མེད་ན།།
ནང་ཕུ་ནུའི་ལག་རྡང་ཐོབ་ཐབས་མེད།།
བསམས་ཤེས་ན་རང་སེམས་གཏན་ལ་ཕོབ།།

དུས་དེང་སང་སྐྱེ་བོ་ལ་ལ་ཞིག །
རང་བློ་རིག་སྤྱང་གསུམ་འཛོམས་རབས་བཤད།།
གཞན་མི་ཤེས་རྨོངས་པ་ཆེ་རབས་གླེང་།།
ཐལ་མ་ཆེ་རང་ཉིད་ཕུང་ཉེན་ཡོད།།

དོན་བྱ་གཞག་སྒྲུབ་ན་ནན་གྱིས་སྒྲུབས།།
ནམ་ཡིན་ཡང་ཀུན་སྤྱོད་ཚངས་ཐིག་སྲུངས།།
ཤ་ཚ་བའི་ཁ་ཏ་གླུ་རུ་བླངས།།
ཉན་བསམ་ན་ཉོན་དང་སྙིང་གཏམ་ཡིན།།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-03-08 ལྟ་ཀློག (3816)