​སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།


སྐྱིད་པོ་བྱེད་ན་ངེས་པར་སྒོར་འགྲོ་དགོས་དོན་མེད།


སྐྱིད་པོ་རང་གིས་རོལ་ཤེས་མ་བྱས་ན།།
སྐྱིད་པོ་གཞན་གྱིས་སྟེར་རྒྱུ་དཀའ་མོ་ཡིན།།
ཤེས་ན་སྐྱིད་པོ་རང་གི་ལག་ན་ཡོད།།
མ་ཤེས་སྐྱིད་པོ་ནམ་མཁའི་མཐའ་ན་ཡོད།།

སྡུག་པོ་རང་གིས་འབད་ནས་མ་ཕྱུང་ན།།
སྡུག་པོ་རང་ཉིད་བྲོས་ནས་མི་འགྲོ་གི །
ཤེས་ན་སྡུག་པོ་འབྱིན་བྱེད་སེམས་ན་ཡོད།།
མ་ཤེས་འབྱིན་བྱེད་རྒྱ་མཚོའི་གཏིང་ན་ཡོད།།

མུན་ནག་རང་གིས་འབད་པས་མ་བསལ་ན།།
མུན་ནག་ཁོ་རང་སྐྲག་ནས་མི་འགྲོ་གི །
ཤེས་ན་སེལ་བྱེད་རང་གི་སེམས་ན་ཡོད།།
མ་ཤེས་ཕྱི་ཡི་ལྕགས་རིའི་ཕྱི་ན་ཡོད།།

མུན་པ་ནག་པོར་དམོད་མོ་བྱེད་པ་ལས།།
རང་གིས་སེལ་བྱེད་སྒྲོན་མེ་བསྲེལ་ན་དགའ།།
མདོར་ན་བདེ་སྡུག་རྩ་བ་རང་སེམས་ཡིན།།
རང་སེམས་སྦྱོང་བ་དོན་གྱི་གཙོ་བོ་ཡིན།།
ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-02-25 ལྟ་ཀློག (4040)