རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་ཕྱག་རྩོམ་མཛད་པའི་ཀ་རྩོམ་རྒན་པོའི་ལག་བརྡ།

ཀ་རྩོམ་རྒན་པོའི་ལག་བརྡ། 


ཀ་ཁའི་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས།།
ཁ་བའི་ལྗོངས་ལ་ལོ་སར་ཞིག་འབུལ་འདོད།།
ག་བུར་ལྟ་བུའི་སྨན་མཆོག་ཅིག་མིན་རུང་།།
ང་ཚོའི་སྲོལ་རྒྱུན་བཟང་ཤས་རེ་ཡིན་སྲིད།།
ཅ་ཅོའི་གཏམ་ལ་ཅལ་འདྲོགས་རེ་བྱས་ནས།།
ཆ་ལུགས་སྣ་ཚོགས་ལད་མོ་རེ་མ་བྱེད།།
ཇ་མར་ཐུད་ཀྱི་རང་སྲོལ་དེ་བོར་ནས།།
ཉ་འབུ་གཅན་གཟན་ཟ་བ་དེ་གཞན་ལུགས།།
ཏ་ཐཱ་ག་ཏའི་བསྟན་པ་ལ་ཞུགས་ནས།།
ཐ་ཆད་སྤྱོད་པའི་རྗེས་ངན་རེ་མ་འབྲངས།།
ད་ལྟའི་དུས་ལ་རྒྱུ་འབྲས་དེ་བོར་བས།།
ན་ཚ་ལ་སོགས་རྐྱེན་ངན་ཀུན་རྡོལ་འདུག།
པ་ཕ་ཨ་མའི་བཀའ་དྲིན་རྣམས་བརྗེད་ནས།།
ཕ་མའི་དུང་སེམས་རྩྭ་བཞིན་དུ་འདོར་མཁན།།
བ་གམ་ཅན་གྱི་ཁང་རྩེག་ཏུ་ཉལ་ཡང་།།
མ་རབས་ཐ་ཆད་ཕག་པ་རང་ཡིན་ནོ།།
ཙ་ར་བཅད་སོགས་ཁྲིམས་ལུགས་ལ་ཐོགས་ཚེ།།
ཚ་ཞང་བླ་སློབ་ཁྱི་སྔུན་དུ་འཕེན་མཁན།།
ཛ་དྲག་ཅན་གྱི་ཀུན་སྤྱོད་དེ་བསམ་ན།།
ཝ་མོ་ལས་ཀྱང་ཐ་ཤལ་རང་མིན་ནམ།།
ཞ་ལྐུག་འོན་ལོང་དུད་འགྲོ་རང་མིན་ན།།
ཟ་ཉལ་འགྲོ་འདུག་སྤྱོད་ལམ་རེ་སློབས་དང་།།
འ་ཅག་བོད་པའི་རིག་གཞུང་གི་རིན་ཐང་།།
ཡ་གླིང་བརྒལ་ནས་འཛམ་གླིང་དུ་གྲགས་འདུག།
ར་གན་གསེར་བརྫུའི་ཁྱད་པར་ལ་རྨོངས་ནས།།
ལ་རྩེའི་ཉི་འདེད་གཡམ་རྒྱུག་དེ་མ་བྱེད།།
ཤ་ཚའི་གཏམ་ལ་སྙན་མོ་རང་མེད་ཀྱང་།།
ས་སྟེང་ཉུལ་བའི་བླ་རྒན་གྱི་སེམས་གཏམ།།
ཧ་ཧ་ཧོ་ཧོའི་འགྲོ་ཐབས་དེ་སྤངས་ནས།།
ཧ་ཅང་རྫོབ་པའི་དུས་སྙིགས་ཀྱི་སྐབས་འདིར།།
ཧ་སག་ལ་སོགས་གཞན་རིགས་ལ་བལྟས་ནས།།
ཧ་ལམ་རན་པའི་རང་ལམ་ཞིག་འཚོལ་དགོས།།
ཨ་མྱེས་གོང་མར་ལེ་བདའ་རེ་བཞག་ནས།།
ཨ་ཕྲེང་ཀ་ཕྲེང་བདག་པོ་རང་གལ་ཆེ།།
ཨ་ཕ་ཨ་མའི་དྲིན་ལན་རེ་བསམ་ནས།།
ཨ་བུ་རང་གི་འཇོན་ནུས་དེ་བསྐྱེད་ཅིག།

ཆོས་ཀ་ཁ་འདོན་པའི་བོད་པ་ཚོ།།
སེམས་ཁ་ཁར་མ་འགྲོ་དར་ཅིག་ཉོན།།
གནས་ག་ནས་བསྡད་ཀྱང་རང་སེམས་སྲུངས།།
རང་ང་ཆེ་ང་བཙན་ཕམ་པའི་རྒྱུ།།
གཏམ་ཅ་ཅོ་སྒྲོག་པའི་བྱིས་པ་ཚོས།།
ལས་ཆ་མ་ཆོ་ལ་མི་གཡེང་པར།།
ནངས་ཇ་ཁ་ཟ་བའི་སྲོལ་བཟང་གོམས།།
ཟས་ཉ་འབུ་ཟ་བའི་སྲོལ་ངན་སྤོངས།།
བྲོ་ཏ་ལེན་གང་ཡང་མེད་ས་ནས།།
དོ་ཐ་མ་སྒྱེ་གང་བསམ་པར་ལྟོས།།
ཚེ་ད་ཡོད་ད་མེད་མི་བསམ་པར།།
ལུས་ན་ཚ་བཟོད་དེ་ངོ་གདོང་བཅོས།།
ལུས་པ་སངས་ལྟ་བུར་དར་བའི་དུས།།
ཡུལ་ཕ་མ་གཉོར་ཞིང་བྱིས་པ་སྐྱོངས།།
རང་བ་མོ་རྒས་ཁོག་ལྟར་གྱུར་ཚེ།།
སེམས་མ་ལོ་དྲན་ཡང་སྟོང་བ་ཡིན།།
རྒྱུ་ཙ་གེ་ཙིག་གེ་ཡོད་དུས་སུ།།
ལུས་ཚ་བ་གསོ་བའི་སྨན་རེ་སྒྲིགས།།
དུས་ཛ་དྲག་ཅན་ལ་འཕྲད་པའི་ཚེ།།
གྲོགས་ཝ་མོ་འདྲ་བོར་ཡིད་གཏོད་མེད།།
མགོ་ཞྭ་མོ་མཐོ་རུང་རླུང་གིས་ཁྱེར།།
ཟས་ཟ་མ་ཡག་རུང་དུག་གིས་སྦགས།།
བོད་འ་ཞའི་རུས་པ་ས་ལ་འཐིམ།།
མིའི་ཡ་ཆུང་ཁོག་པ་མཆི་མས་གང་།།
སེམས་རྭ་ཅོ་འདྲ་བོ་མ་བཅོས་ན།།
གནས་ལ་དགུ་ལུང་དགུ་འགྲིམ་ཡང་རུང་།།
ལུས་ཤ་ཚུགས་མཛེས་པོ་ཡོད་ན་ཡང་།།
མཐར་ས་ལམ་བགྲོད་ཐག་ཇེ་རིང་ཡིན།།
དོན་ཧ་ཅང་ཟབ་མོ་ངས་མི་ཤེས།།
དུས་ཧ་ཅང་རིང་བོར་ཁྱོས་མི་བསླབ།།
གཏམ་ཨ་ཕྲེང་བསྒྲིགས་པའི་ཁ་ཏ་འདི།།
གྲོགས་ཨ་ལོང་འདྲ་བོར་སྐྱེས་སུ་ཕུལ།།

གཞུང་ཀ་ཁོལ་མ་ཡི་བཀའ་ཆེམས་འདི།།
ཚིག་ཁ་དན་ཅན་གྱི་རྗེས་འཇུག་ཚོས།།
དུས་ག་དུས་ཡིན་ཡང་སེམས་སུ་ཉོར།།
མི་ང་ཚོའི་བྱ་གཞག་དེ་ཡིས་འཚེངས།།
ངའི་ཅ་ནེ་དངུལ་དཀར་ཞན་མ་འདི།།
བོད་ཆ་ལུགས་ཅན་གྱི་མགར་བས་བརྡུངས།།
སྟོད་ཇ་ནག་དཀྲུག་མ་འཐུང་བྱེད་བྱས།།
བོད་ཉ་ཁྲི་སྐྱེས་བུའི་གསོལ་དཀར་ཡིན།།
ཤིང་ཏ་ལའི་ཤིང་འབྲས་སྐམ་ན་ཡང་།།
རླན་ཐ་གེ་ཙམ་དང་འཕྲད་གྱུར་ན།།
ལས་ད་བྱས་འབྲས་བུ་སྨིན་གྱུར་བས།།
ལུས་ན་ཚ་སྨན་གྱིས་དྭངས་གྱུར་ཅིག།
མགོ་པ་ལོའི་གནག་སྣུམ་མཛེས་པ་འདི།།
མགོན་ཕ་ལོའི་རྒྱུ་གསོག་སྣེ་གསོག་དང་།།
ཕྱུགས་བ་འབྲིའི་འོ་མར་ཐུད་གསུམ་དང་།།
དྲིན་མ་ལོའི་བྱམས་དང་བརྩེ་བའི་དྲིན།།
གནས་ཙ་རི་སྐོར་བའི་ཆོས་པ་ཚོས།།
ལུས་ཚ་བས་གདུང་ཞིང་མནར་ན་ཡང་།།
ཆོས་ཛ་ཡའི་བསྟན་ལ་སེམས་གཏད་ནས།།
སྡིག་ཝ་མོའི་ལས་ངན་སྤངས་ལ་བྲེལ།།
ཡུལ་ཞ་ལུ་རྭ་སྒྲེང་སེར་འབྲས་སོགས།།
དགོན་ཟ་མ་ཏོག་གི་འོད་ཁྱིམ་ནས།།
མི་འ་ཅག་འདྲེན་པའི་མཁས་མཆོག་རྣམས།།
སྐྱབས་ཡ་ཟླ་བྲལ་བའི་མགོན་དུ་ཕེབས།།
སྨན་ར་གསུམ་འདུལ་བའི་སྨན་པའི་མཆོག།
དབུ་ལ་ཐོད་ཅན་གྱི་གཡུ་ཐོག་ལགས།།
བུ་ཤ་ཁྲིས་ཀོང་བོའི་དབུ་འཕངས་བསྟད།།
འཇང་ས་དམ་བཙན་པོའི་གཅུང་དུ་གྱུར།།
བོད་ཧ་ཅང་སྐྱིད་པའི་གདུང་རབས་དེ།།
ཆོས་ཧ་ཅང་དར་བའི་དུས་ཡིན་པས།།
གསུང་ཨ་ཡིག་ཅན་གྱི་སྐད་ཡིག་ཟུང་།།
ཕ་ཨ་ཁུའི་སྲོག་གི་སྙིང་བོར་ཟུངས།།

      ཞེས་ཨ་རིགས་རྭ་རྒྱ་དགོན་པའི་གྲྭ་མིང་འཛིན་པ་འཇིགས་མེད་རྒྱལ་མཚན་གྱིས་བོད་རབ་རྒྱན་ལྕགས་ཕོ་བྱི་བའི་ལོའི་བོད་ཟླ་དང་བོའི་ཚེས་གཅིག་ལ་གནའ་མཁར་ཟི་ལིང་གི་ཡང་ཐོག་ཉི་འོད་འཁྱིལ་པའི་ཁང་བཟང་དུ་བྲིས།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-02-24 ལྟ་ཀློག (11619)