རྒྱ་གར་ཕ་དམ་པས་བོད་ཀྱི་ཆོས་པ་རྣམས་ལ་བཀའ་བཀྱོན་ཞུས་པ།

རྒྱ་གར་ཕ་དམ་པས་བོད་ཀྱི་ཆོས་པ་རྣམས་ལ་བཀའ་བཀྱོན་ཞུས་པ། 


   རྒྱ་གར་ན་གྲུབ་ཐོབ་མིས་ངོ་མི་ཤེས།   བོད་ན་གྲུབ་པ་མ་ཐོབ་ཀྱང་ཐོབ་རྫུན་བཏབ་ནས་རྒྱལ་མཚན་གྱི་རྩེ་མོ་ལ་འཕྱར་བར་འདུག་སྟེ། རང་གཞན་ཡོ་བསླུས་ཟིན་པ་དེ་ཡིན་གསུངས།  ཡང་ཆོས་ཁེ་དྲེགས་ཅན་ཚོ་ལ་ཆོས་ནི་མི་འདུག་པར།  ངེས་ཤེས་ཚེ་གང་འཇིག་རྟེན་ཆོས་བརྒྱད་ཀྱི་ཡོ་ལང་སུ་ཆེ་འགྲན་པ་འདི་རྣམས་དོན་དུ་ཆོས་པ་རེ་སྙམ་པ་མི་གདའ།   ཕལ་ཆེར་རང་གཞན་གཉིས་ཀ་མགོ་འཁོར་ནས་འདུག་པ་སྙིང་རྗེ།  སྟོན་པ་སངས་རྒྱས་ཀྱིས་གཟིགས་ན་ཅི་དགོངས་ན་གསུངས།  

    ཡང་འདི་ལྟར་གསུངས།   བོད་ཀྱི་ཆོས་པ་འདི་ཀུན།  དཀོན་མཆོག་གི་རྟེན་སྡིག་དང་རྫུན་གྱིས་བཞེངས་ནས།  ཚེ་འདི་རླུང་ལ་བསྐུར་བ་སྐད་ཟེར།   ནོར་འཚོལ་བ་ཡང་ཟུང་ཆོས་ལ་བྱས་ནས།  ང་སྡིག་ལ་འཛེམ་པ་སྐད་ཟེར།   གསང་སྔགས་ཀྱི་དཀྱིལ་འཁོར་ར་ཁྱིའི་ཚང་དུ་བཞེངས་ནས་འདི་གཉན་པ་སྐད་ཟེར། ཆོས་པའི་མདུན་མས་དམྱལ་བའི་འཁོར་གཞི་བཏིངས་ནས་ང་གྲོས་ཕུགས་ཆེ་བ་སྐད་ཟེར།  དགེ་འདུན་གྱི་སྤྱི་ནོར་རང་རེས་ཟོས་ནས་དགོས་སར་བཏང་བ་སྐད་ཟེར།  སྡིག་དང་རྫུན་གྱི་བསླུ་བྲིད་ཀྱིས་ནོར་བཙལ་ནས་ངའི་སྒོམ་རྒྱག་བྱེད་པ་སྐད་ཟེར།  

    བོད་ཀྱི་ཆོས་པ་འདི་ཀུན་དགོད་བྲོ།  ཐམས་ཅད་ལྟོ་གོས་འཚོལ་བའི་དོན་ལ།  ཁ་ནས་ཅི་འདོན་དང་འདི་འདོན་མི་འདུག  གཟུགས་བརྙན་ཅི་བྱེད་དང་འདི་བྱེད་མི་འདུག  ཧེ་ཧེ། བོད་ཀྱི་ཆོས་ཉན་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་།  གྲུབ་པ་ཐོབ་པ་དང་།  ཡོ་ང་ལ་རྒྱུས་ཡོད། གྲགས་པ་དང་གཏམ་སྙན་འདོད་པའི་ཕྱིར་ཆོས་འཆད་ཉན་དང་།  མནའ་མ་དང་ཚ་བོའི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་དང་།  འབུལ་སྐྱེས་དང་ཡོ་བྱད་གསོག་པའི་གྲུབ་ཐོབ་མང་བོ་འདུག   བོད་ཀྱི་ཆོས་པ་འདི་ཚོ་ཚེ་འདི་ལ་རང་སྐྱིད་པོ་འདུག་སྟེ།  ཤི་ཙ་ན་ཕམ་པར་འགྲོ།   རྒྱ་གར་ཡིན་ན་ནི་རྒྱལ་བོའི་ཆད་པའང་ཡོད་གསུངས།    

འབའ་སྣང་གྲོལ་གྱིས་ཕ་དམ་པའི་རྣམ་ཐར་ལས་བཤུས།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-02-15 ལྟ་ཀློག (7268)