ཏོག་དབྱིབས་རིམས་ནད་གསར་པ་དང་འབྲེལ་བའི་དྲིས་ལན་བཅུ།

ཏོག་དབྱིབས་རིམས་ནད་གསར་པ་དང་འབྲེལ་བའི་དྲིས་ལན་བཅུ།


དྲ་བའི་གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བསྒྲིགས་བསྒྱུར་བྱས།

གཅིག ཏོག་དབྱིབས་རིམས་ནད་གསར་པ་འདི་ཐུག་རེག་ལས་འགོ་སྲིད་དམ།

 ལན། ཏོག་དབྱིབས་རིམས་ནད་གསར་པ་འདི་གཙོ་བོ་མིད་པ་བརྒྱུད་ནས་བྱུང་བའི་ཁ་ཆུ་ལས་འགོ་བཞིན་ཡོད། དེ་བས་ཐུག་རེག་ལས་ཀྱང་འགོ་སྲིད་པ་ཞིག་རེད། དཔེར་ན་ནམ་རྒྱུན་སྐད་ཆ་བཤད་པའི་སྐབས་སུ་མིའི་ཁ་ལས་ཁ་ཆུ་ཕྲ་མོ་ཞིག་འཐོར་བཞིན་ཡོད་ལ། ཁ་ཆུ་དེ་དག་འཐོར་ཡོད་པའི་ཅ་ལག་ལ་ལག་པས་རེག་པ་དང་བསྟུན་ནས་ལག་པར་འགོ་ཞིང་། ལག་པས་རང་གི་ཁ་མིག་སྣ་གསུམ་སོགས་ལ་རེག་པ་དང་བརྒྱུད་ནས་ནད་དུག་ཁོག་ཏུ་འགྲོ་བའི་ཉེན་ཁ་ཡོད། ལྷག་པར་དུ་ལོ་ལོན་དང་བྱིས་པ་སོགས་ལུས་ཕུང་ཞན་པའི་མི་སྣ་དག་རིགས་འདིའི་འགོ་ཐབས་ལ་བརྟེན་ནས་འགོ་ངེས་པས་ཐུག་རེག་དགོས་པའི་ཅ་ལག་དག(དཔེར་ན་ཁ་པར་དང་སྒོར་མོ་ལྟ་བུ)དུག་གསོད་བྱེད་པ་དང་།  ཅ་ལག་གཞན་ལ་རེག་རྗེས་ལག་པ་གཙང་མ་བཀྲུ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

གཉིས། ནད་དུག་དེ་མིའི་ལུས་ཕུང་དང་བྲལ་རྗེས་ཀྱང་དུས་ཡུན་མི་འགྱང་པ་ཞིག་གི་རིང་དུ་འཚོ་ཐུབ་པར་འདུག དེས་ན་དེའི་རིང་དུ་མི་གཞན་ལ་འགོ་བའི་ནུས་པ་ཡོད་དམ།

ལན།  ཐེངས་འདིའི་ནད་དུག་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་མེད་པས་ཁ་ཚོད་གཅོད་ཁག་པོ་རེད། ཡིན་ནའང་སྔར་བྱུང་ཟིན་པའི་SARSནད་དུག་ལ་གཞི་བཅོལ་ནས་བཤད་ན་འགྱིག་དང་ཤེལ། དཀར་ཡོལ་སོ་ཕག ལྕགས་རིགས། རས། བསྐྱར་པར་ཤོག་བུ་སོགས་ཀྱི་ངོས་སུ་ཉིན2ནས3བར་འཚོ་ཐུབ། གཞན་ཡང་ཁང་བའི་ནང་གི་དྲོད་ཚད་24℃ཡིན་པའི་གཅུན་པའི་ནང་དུ་མ་མཐའ་ཡང་ཉིན་10ལ་འཚོ་ཐུབ་། འོན་ཀྱང་འཚོ་ཐུབ་པ་ཙམ་གྱིས་འགོ་ཐུབ་པ་མི་མཚོན་ཏེ། SARSནད་དུག་ལྟ་བུར་མཚོན་ན་ནད་པས་ཤོག་བུའི་ངོས་སུ་ཁ་ཆུ་མཐུག་པོ་བཀུས་རུང་སྐར་ལྔའི་རྗེས་སུ་གཞན་ལ་འགོ་བའི་ནུས་པ་ཉམས་ཟིན་པ་རེད།

གསུམ། མི་གཞན་དང་ཁ་བརྡ་བྱེད་སྐབས་དོགས་ཟོན་ཇི་ལྟར་བྱེད་དགོས།

ལན། སྤྱིར་སྐད་ཆ་བཤད་སྐབས་ཀྱི་ཁ་དབུགས་ལས་འགོ་དགོས་ན་བར་ཐག་ཧ་ཅང་ཉེ་དགོས། ཡིན་ནའང་སྨི་གཅིག་གམ་གཉིས་ལས་ཉེ་བའི་ས་ནས་སྐད་ཆ་བཤད་ན་འགོ་སྲིད་པ་ཞིག་རེད། དེ་བས་བར་ཐག་སྨི་གཉིས་ཙམ་ཡོད་པའི་གནས་ནས་སྐད་ཆ་བཤད་ན་བདེ་འཇགས་ཡིན། འོན་ཀྱང་ལུད་པ་དང་སྦྲིད་པ་ལས་བྱུང་བའི་ཁ་ཆུ་སྐད་ཆ་བཤད་སྐབས་ལས་གཏོར་ཐག་རིང་པས་ཁ་ཤུབ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

བཞི། རིམས་ནད་སྔོན་འགོག་གི་སྐབས་སུ་འབྲུ་རིགས་སོགས་བཟའ་བཏུང་གི་རིགས་དག་ཉོ་དགོས་ན་ཐག་གཅོད་ཇི་ལྟར་བྱ་དགོས།

ལན། གལ་ཏེ་ཆ་རྐྱེན་ཡོད་ན་གཞན་གྱིས་སྒོ་རུ་བསྐྱལ་ཏུ་བཅུག་ན་ལེགས། རྒྱུ་མཚན་ནི་རང་ཉིད་དངོས་སུ་ཉོ་རུ་འགྲོ་དགོས་ན་བར་སྐབས་ནས་མི་མང་པོར་འཕྲད་ངེས་ཤིང་ཅ་ལག་ཀྱང་མང་པོ་ལ་ལག་པས་རེག་དགོས། ཡིན་ནའང་སྒོ་སྐྱེལ་པ་དག་གིས་རང་གི་སྒོ་ཁར་བསྐྱལ་དུ་བཅུག་ན་གཅིག་ནས་ཁོ་ཚོས་དུག་གསོད་ནན་མོ་བྱས་ཡོད་ལ་གཉིས་སུ་རང་ཉིད་མི་དང་ཅ་ལག་མང་པོར་ཐུག་རེག་འཕྲད་གསུམ་བྱེད་མི་དགོས། དེ་བས་ཟས་སྐོམ་རིགས་སྒོ་སྐྱེལ་པ་དག་གིས་སྒོ་རུ་བསྐྱལ་དུ་བཅུག་ན་ནད་དུག་གི་འགོ་ཚད་ཧ་ཅང་ཆུང་།

ལྔ།  རིམས་ནད་འདི་ཁྱི་དང་བྱི་ལ་སོགས་སྲོག་ཆགས་ལས་འགོ་སྲིད་དམ།

ལན། རྒྱལ་སྤྱིའི་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་གྲོས་གཞི་ལྟར་ན་མིག་སྔར་ཁྱི་དང་བྱི་ལ་ལྟ་བུའི་གཅེས་ཉར་སྲོགས་ཆགས་ལས་ནད་དུག་འདི་འགོ་སྲིད་པའི་བདན་དཔང་མེད། ཡིན་ནའང་ཁྱི་དང་བྱི་ལ་སོགས་ལ་རེག་རྗེས་ལག་པ་གཙང་མར་བཀྲུ་རྒྱུ་དང་། ཁྱི་སོགས་སྲོག་ཆགས་གང་ཡིན་རུང་དེ་རིམས་ནད་འདིའི་ནད་པས་རེག་མྱོང་ན་གཙང་འཁྲུད་བྱས་ཏེ་བཀར་ཉར(隔离)བྱེད་རྒྱུ་གལ་ཆེ། རིམས་ནད་མང་པོ་ཞིག་རི་སྐྱེས་སྲོག་ཆགས་ལས་བྱུང་བ་རེད་ཅེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མང་པོ་བཤད་བཞིན་འདུག

དྲུག  ཉི་མར་ལྡེ་བ་དང་ཆུ་ཚན་གྱིས་ལུས་འཁྲུད་པ། དྲོད་རླུང་རྒྱུ་རུ་བཅུག་པ་སོགས་ཀྱིས་ནད་དུག་གསོད་ཐུབ་བམ།

ལན།  སྤྱིར་ཉི་མར་ལྡེ་བ་དང་ཆུ་ཚན་གྱིས་ལུས་འཁྲུད་པ། དྲོད་རླུང་རྒྱུ་རུ་བཅུག་པ་སོགས་ཀྱིས་གསོད་ཐུབ་པའི་ནད་དུག་ཡོད་མོད། རིམས་ནད་འདིའི་ནད་དུག་ནི་དྲོད་ཚད་56℃ལས་མ་བརྒལ་ན་གསོད་མི་ཐུབ་ཅིང་། དྲོད་ཚད་དེར་ལོན་པ་ཙམ་གྱིས་མི་ཆོག་པར་དུས་ཡུན་ཀྱང་ངེས་པར་དུ་དུས་ཚོད་ཕྱེད་ཀྱི་ཡན་དུ་འདུག་དགོས། དེ་ལྟར་བྱས་ན་ད་གཟོད་ནད་དུག་དེ་གསོད་ཐུབ། དེ་བས་ཉི་མར་ལྡེ་ལ་དང་ཆུ་ཚན་གྱིས་ལུས་འཁྲུད་པ། དྲོད་རླུང་རྒྱུ་རུ་བཅུག་པ་སོགས་ཀྱིས་ནད་དུག་སྔོན་འགོག་ཙམ་ལས་ནད་དུག་གསོད་མི་ཐུབ། དམིགས་བསལ་དུ་ཞུ་རྒྱུ་ཞིག་ལ་སྐུ་ཉིད་ཀྱིས་ཉི་མ་ལྡེ་སྐབས་ཁ་ཤུབ་གྱོན་རྒྱུ་མ་བརྗེད་ཨང་།

བདུན། ནད་དུག་འདི་གསོད་པའི་ཐབས་ཡོད་དམ།

ལན། གོང་དུ་བཤད་པ་ལྟར་དྲོད་ཚད་56℃ལས་བརྒལ་བའི་ཁོར་ཡུག་ཏུ་སྐར་མ30ཡན་སྡད་ན་གསོད་ཐུབ་ལ། གཞན་ཡང་དབྱིས་སྲིར(Ether,乙醚)དང་75%ཅན་གྱི་ཨེའེ་ཐི་ནའོ(75%ethanol,75%乙醇)ཁའོ་རེའན་ཡོད་པའི་དུག་གསོད་ལྡེའུ(含氯消毒剂)སོགས་ཀྱིས་ཀྱང་གསོད་ཐུབ། འོན་ཀྱང་མིས་ཐད་ཀར་བསྟན་པར་མི་བྱའོ།།

བརྒྱད།  ནད་དུག་འདི་གཙོ་བོ་མི་སྣ་གང་དག་ལ་འགོ་ངེས། འགོས་རྗེས་དུས་ཡུན་ག་ཚོད་འགོར་རྗེས་ནད་རྟགས་འབྱུང་ངེས་སམ།

ལན། སྤྱིར་ནད་དུག་འདི་མི་ཀུན་ལ་འགོ་ངེས། ཡིན་ནའང་རྒན་ཁོག་དང་ནད་པ་དག་ལ་ལྷག་ཏུ་འགོ་སླ། འགོས་རྗེས་ཀྱང་མི་རང་རང་གི་ལུས་ཕུང་བཟང་ངན་ལྟར་ནད་རྟགས་འབྱུང་སླ་མིན་ཡོད་ལ། ཕལ་ཆེར་ཉིན3ནས7གྱི་བར་དང་ཆེས་རིང་ནའང་ཉིན14ནང་དུ་ནད་རྟགས་འབྱུང་ངེས།

དགུ།  ནད་དུག་འདིའི་ནད་རྟགས་ཅི་འདྲ་ཡིན་ནམ།

ལན། ནད་དུག་འདིའི་ནད་རྟགས་ཀྱང་མི་རང་རང་གི་ལུས་ཕུང་བཟང་ངན་ལྟར་མི་འདྲ་བ་ཅུང་ཡོད། ཡིན་ནའང་ཕལ་ཆེ་བ་ནི་ཚ་བ་རྒྱས་པ་དང་སྐམ་ལུད་བྱེད་པ། ལུས་དུབ་པ་སྟེ་ལུས་ཀྱི་ཟུངས་ཟད་པ་བཞིན་ཤུགས་མེད་པ་བཅས་ཡིན། ཡིན་ནའང་ནད་པ་ཚབས་ཆེན་དག་མངོན་གསལ་གྱི་ཚ་བ་རྒྱས་མི་སྲིད་ཅིང་ཐ་ན་ཚ་བ་རྒྱས་ཡོད་པ་རང་གིས་ཀྱང་ཤེས་མི་སྲིད། དེའི་རིགས་དབུགས་འབྱིན་སླ་ལ་དང་སེམས་འཚུབ་ཅིང་བློ་མི་བདེ་བ་སོགས་འབྱུང་ངེས། གཞན་ཡང་འགའ་རེ་ནི་ཚ་བ་ཆུང་ངུ་དང་ལུས་ཅུང་ཙམ་དུབ་པ་ལས་གློ་ཚད་ཀྱི་ནད་རྟགས་གཞན་མེད་དོ།།ཡིན་ནའང་གཟའ་འཁོར་གཅིག་གི་རྗེས་ནས་སླར་ཡང་སངས་དྲག་ཏུ་འགྲོ་ངེས།

བཅུ།  ནད་དུག་འདི་སེལ་བའི་སྨན་ཡོད་དམ།

ལན། ནད་དུག་འདི་བྱུང་ནས་དུས་ཡུན་རིང་པོ་ལོན་མེད་པས་ཆེད་མཁས་པ་དག་གིས་ད་དུང་ནད་དུག་འདི་ལ་རྒྱུས་ལོན་ཟབ་མོ་བྱེད་ཐུབ་མེད། དེ་བས་མིག་སྔར་ནད་དུག་འདི་བཅོས་པའི་སྨན་ཐོན་མེད་པས་ངེས་པར་དུ་སྨན་པའི་ཁ་ལ་ཉན་རྒྱུ་གལ་ཆེའོ། །










རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-02-02 ལྟ་ཀློག (6966)