སེམས་ཅན་རྣམས་རིམས་ནད་ཀྱི་འཇིགས་པ་ལས་མྱུར་དུ་ཐར་བར་སྨོན།

སེམས་ཅན་རྣམས་རིམས་ནད་ཀྱི་འཇིགས་པ་ལས་མྱུར་དུ་ཐར་བར་སྨོན།

ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་གསུངས་ལྟར།།
ད་ལྟའི་རིམས་ནད་འདི་ཡང་ལས་ལས་བྱུང་།།
མ་རིག་དབང་གིས་ལུས་དང་ངག་ཡིད་གསུམ།།
ཚུལ་མིན་ལས་ལ་ཞུགས་པའི་འབྲས་བུ་ཡིན།།

ནད་ནི་ཤེས་བྱ་ནད་རྒྱུ་སྤང་བྱ་རུ།།
རྣམ་ཀུན་མཁྱེན་པས་གསུངས་པ་ཇི་ལྟ་བུར།།
ད་ལྟའི་ནད་རིམས་འདིས་ཀྱང་འགྲོ་བ་མིའི།།
བྱ་སྤྱོད་ལོག་པ་འདི་ཡི་རྒྱུ་རུ་སྟོན།།

གལ་ཏེ་འདི་ལ་འཇིགས་ན་འདི་ཡི་རྒྱུ།།
སྤངས་ནས་ཚུལ་མཐུན་ལས་ལ་འབད་པ་གཅེས།།
རྒྱུ་མ་འགག་པར་འབྲས་བུ་མི་བཟློག་པས།།
འབྲས་ལ་འཇིགས་ན་དེ་རྒྱུ་སྤང་བ་གཅེས།།

བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་ལ།།
དད་ཅིང་སྡུག་བསྔལ་ཅན་གྱི་འགྲོ་རྣམས་ལ།།
སྙིང་ནས་བརྩེ་བས་རིམས་ནད་སེལ་བའི་ཕྱིར།།
གཟུངས་སྔགས་ཟབ་མོ་འདོན་པར་བསྐུལ་བ་ནི།།

སྨན་དང་ཚན་རིག་གཙང་སྦྲ་ལ་སོགས་པའི།།
རིམས་ནད་སྔོན་འགོག་བྱེད་ཐབས་འགོག་པ་མིན།།
བྱེད་ཐབས་དེ་ལ་དོ་སྣང་བྱས་པའི་ཐོག །
དད་པས་གཟུངས་སྔགས་བགྲང་ན་ཕན་ཞེས་སྟོན།།

ཞོ་གསར་འཐུང་ན་རྩམ་པ་མི་རུང་ཞིང་།།
རྩམ་པ་ཟོས་པས་ཞོ་འཐུང་མི་ཆོག་པ།།
ཤེས་པ་རྣལ་མ་སུས་ཀྱང་མི་སྒྲུབ་ལྟར།།
ཆོས་དང་སྨན་གཉིས་འགལ་བར་ཇི་ལྟར་སྒྲུབ།།

དེ་ཕྱིར་དོན་མེད་རྩོད་པས་མི་གཡེངས་པར།།
བྱམས་དང་སྙིང་རྗེ་དད་པའི་གདུངས་དབྱངས་ཀྱིས།།
ལུས་སེམས་འཇིགས་པས་མནར་བའི་སེམས་ཅན་ཕྱིར།།
གཟུངས་སྔགས་བགྲང་བ་བདག་གི་འོས་འགན་ཡིན།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-01-30 ལྟ་ཀློག (12680)