ལྕགས་བྱི་ལོའི་ལོ་སར་སྨོན་ཚིག

༄༅།། ལྕགས་བྱི་ལོའི་ལོ་སར་སྨོན་ཚིག

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

སྙིང་གི་འོ་མཚོ་བསྲུབས་པའི་གཏིང་རིམ་ནས།།

དད་གདུང་རྦ་རླབས་མཁའ་ལ་འཕྱོ་བའི་མདངས།།

བླ་མ་དཀོན་མཆོག་གསུམ་ལ་གསོལ་དེབས་ཀྱི།།

དབྱངས་སུ་འཕོས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།


ཤིས་དང་མི་ཤིས་མ་ལུས་འགྲོ་རྣམས་ཀྱི།།

ཚུལ་དང་ཚུལ་མིན་བསམ་སྦྱོར་ལས་བྱུང་བས།།

དགེ་སྡིག་བླང་དོར་འབྱེད་པའི་བློ་མིག་གིས།།

མི་ཤིས་རྒུད་པའི་མུན་པ་ཀུན་སེལ་ཤོག །


ནད་དང་སྡིག་སྒྲིབ་རང་རང་ལས་ལས་བྱུང་།།

ལས་ནི་ཉོན་མོངས་དེ་ཡང་བདག་འཛིན་ལས།།

བྱུང་ལ་ངེས་རྙེད་རྟེན་འབྲེལ་འཚོལ་བའི་བློས།།

རིམས་སོགས་འཇིགས་པ་ཀུན་ལས་མྱུར་འགྲོལ་ཤོག །


སྣོད་ཀྱི་བཅུད་ཉམས་བཅུད་ཀྱི་གཡང་ཉམས་པ།།

ཀུན་ཀྱང་ནང་གི་ཆགས་སྡང་ཉིད་ལས་བྱུང་།།

བྱམས་དང་སྙིང་རྗེ་སྙོམས་པའི་སེམས་ཀྱི་མཐུས།།

སྣོད་བཅུད་འཆམ་མཐུན་དཔལ་ལ་འཁོད་པར་ཤོག།


ཚན་རིག་སྔོན་ཐོན་ཡིན་ན་དགའ་འོས་ཤིང་

སྨན་ལ་ནུས་མཐུ་ཆེ་ན་མཐེ་བོང་སྒྲེང་།།

འོན་ཀྱང་དད་དང་བྱིན་རླབས་བདུད་རྩི་ཡང་།།

བསྣན་ན་ཉེས་པ་མེད་པས་ཀུན་འཛོམས་ཤོག །


མདོར་ན་ལྕགས་བྱི་གནམ་ལོ་གསར་བའི་ནང་།།

ནད་མུག་འཐབ་རྩོད་འཁྲུག་ལོང་ཀུན་ཞི་ཞིང་།།

ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་བསྟན་དང་འགྲོ།།

ལྷག་པར་བདེ་ཞིང་གོང་དུ་འཕེལ་བར་ཤོག །


 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-01-25 ལྟ་ཀློག (6192)