དགེ་རྒན་ཚོར་འཁྱག་རྒྱུ་མེད་དམ་ཟེར། གསར་འགྱུར་ཚ་ཤོས།

དགེ་རྒན་ཚོར་འཁྱག་རྒྱུ་མེད་དམ་ཟེར།


      རྒྱུས་ལོན་བྱུང་བ་ལྟར་ན།  ༢༠༡༩ལོའི་ཟླ་༡༢པའི་ནང་རྩོམ་པ་པོའི་རྩོམ་རིག་འཕྲིན་སྟེགས་ཟེར་བ་ཞིག་གི་སྟེང་དུ་དྲ་གྲོགས་མང་པོ་ཞིག་གིས་ཧ་ཅང་དོ་ཁུར་བྱེད་བཞིན་པ་ནི་གཞི་རིམ་དགེ་རྒན་འགས་ཕྱག་ལས་ལ་མཐེ་བོང་སྒྲེང་མཁན་དང་དཔྱད་བརྗོད་བྱེད་མཁན་མང་བོ་བྱུང་ཡོད་པ་དེ་རེད།


     དེ་ནི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སྙིང་སྟོབས་ཡིན་ལ། ཆེས་རླབས་ཆེ་བའི་དགེ་རྒན་རྣམས་ཀྱི་འགྱུར་མེད་ཀྱི་སྤོབས་པའང་རེད། ལོ་རེའི་ཟླ་བཅུ་གཉིས་པ་ཚེས་པ་ནས་དགུན་གནང་སྟེར་རག་བར་དུ་དགེ་རྒན་རྣམས་ཀྱིས་དར་བཅག་ནས་རང་གཞན་གཉིས་ཀྱི་འགྲོ་ལམ་ཇེ་བདེར་གཏོང་དགོས་པའི་ལས་དཀའ་དེ་ཡིན་མོད། ཁོ་ཚོར་མཚོན་ན་དེ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་ཆགས་ཡོད།

     དེས་ན་གཙོ་ཐིག་ནས་སློབ་གྲྭའི་བར་དུ་ཕལ་ཆེར་སྤྱི་ལེ་བདུན་གྱི་ཞིང་གྲོང་གི་བགྲོད་ལམ་ཡོད་པ་དེར་ཉམས་གསོ་བྱེད་མཁན་དེ། དང་བླངས་དགེ་རྒན་འདི་དག་ཡིན་སྟབས་ང་ཚོས་ཁོ་ཚོར་རིན་མི་དགོས་པའི་བསྟོད་བསྔགས་ཤིག་ཕུལ་ཏེ་གླེང་ཆོག་པར་ཞུ།


     ནམ་ཟླ་དབྱར་ཁར་ཆར་ཆུ་རྒོད་སྐབས་གཞུང་ལམ་གཙང་ཕྱགས་དང་འདེད་འགྲོ་བ་སོགས་ཀྱི་དཀའ་ལས་གང་མང་བྱུང་དང་འབྱུང་གི་ཡོད་ལ།  གྲང་ངར་ཤིན་ཏུ་ཆེ་བའི་ནམ་ཟླ་དགུན་ཁར་ཡང་འཁྱག་རོམ་གྱིས་གཞུང་ལམ་སྟེང་འགེབ་འགྲོ་དུས་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བས་དར་གསེ་བའི་ལས་ཀ་མི་བསྒྲུབས་ཐབས་མེད་ཆགས་པ་ཡིན།

     གནས་ཚུལ་དེ་དག་གི་འོག་མཚམས་རེར་སློབ་གྲྭ་དང་འབྲོག་པ་དམངས་ཚོགས་ཡར་མར་འགྲོ་སྡོད་བྱེད་མི་ཐུབ་པ་དང་སྐབས་རེར་སྔོ་ཚོད་དང་འབྲུ་རིགས་ཆད་པའི་གནས་ཚུལ་ཡང་མང་པོ་བྱུང་མྱོང་ཟེར།


     སྐབས་དེར་དགེ་རྒན་ཚོས་རང་ཉིད་ཀྱི་དཀའ་སྡུག་ལ་མི་བལྟ་པར་གོར་ཐིག་མན་གྱི་ཏུའུ༢༠ལྷག་ཙམ་གྱི་གནས་ཚུལ་འོག་འཁྱག་རོམ་ནང་དུ་མཆོངས་ནས་དཀའ་སྡུག་སྙིང་སྟོབས་ལ་བསྒྱུར་བཞིན་པ་དེ་རེད།


     འདི་ནི་གཞི་རིམ་ན་ཆེས་སྙིང་རྗེ་བ་དང་རླབས་ཆེ་བའི་དགེ་རྒན་དཀྱུས་མ་དག་གིས་རང་ཉིད་རྒྱལ་ཁབ་དང་མི་རིགས་ཤིག་གི་ཆེད་དུ་ཁུ་སིམ་མེར་ལེགས་སྐྱེས་སུ་འབུལ་བཞིན་པའི་རྣམ་པ་རེད།


     ཁྱེད་ཚོར་གུས་འདུད་ཞུ། ནམ་ཡང་ཁྱེད་ཚོར་སློབ་སྦྱོང་བྱེད།   བཟང་བ་ལ་བཟང་ལན་ཡོད་པས།  ལས་འབྲས་ཀྱིས་མགོན་སྐྱབས་གནང་ངེས་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་ནི་གསར་འགྱུར་བཤུ་འབྲི་ཁོ་ན་མ་ཡིན་པར་དངོས་ཐོག་བདེན་འཚོལ་གྱི་ལས་ཀ་སྒྲུབ་མཁན་ཁྱེད་ཅག་ཡིན་ཞེས་དྲ་ལམ་ནས་བསྔགས་བརྗོད་དང་མཐེ་བོ་སྒྲེང་མཁན་མང་བོ་བྱུང་ཡོད།

རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-01-19 ལྟ་ཀློག (9061)