ང་ཚོར་ལྷམ་བཙེམ་རྒྱུའི་བློ་ཁོག་ཡོད་དམ།

ང་ཚོར་ལྷམ་བཙེམ་རྒྱུའི་བློ་ཁོག་ཡོད་དམ།

གཟི་མིག་གསུམ་པ།

ལྷམ་བཙེམས་པ་ནི་མ་དངུལ་འབོར་ཆེན་གཏོང་མི་དགོས་པའི་སྤྲོ་སྐྱིད་ལྡན་པའི་སྟབས་བདེའི་ལས་རིགས་ཤིག་རེད།

ལྷམ་བཙེམས་པ་ནི་ལག་རྩལ་ལ་བརྟེན་ནས་དཔལ་འབྱོར་སྒྲུབ་པའི་བཟོ་ཚོང་གི་ཐབས་ལམ་ཞིག་རེད།

ལྷམ་བཙེམས་པ་ནི་རང་གི་ལག་པ་གཉིས་ལ་བརྟེན་ནས་དངུལ་གསོག་པའི་རྒྱུན་ལྡན་གྱི་རང་ཁ་རང་གསོའི་འཚོ་ཐབས་ཤིག་རེད།


      ཡིན་ནའང་ང་ཚོའི་ད་ལྟའི་བོད་ཀྱི་དབུལ་བོ་དབུལ་རྐྱང་གི་མི་སེར་རྣམས་ལ་ལྷམ་བཙེམ་རྒྱུའི་བློ་ཁོག་ཙམ་ཡང་ཡོད་མྱོང་མེད།  དེའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ།  སྔོན་ཆད་ནས་བཟུང་ལྷམ་བཙེམ་པ་དང་།   མགར་བྱེད་པ།  ཤིང་བཟོ་བ་སོགས་ལ་སྤྱི་ཚོགས་སྟེང་ལྟ་ཚུལ་ཡག་པོ་ཞིག་གཏན་ནས་མེད།  དེ་ལ་གནས་ལུགས་གཞན་ཞིག་ཡོད་དུ་ཆུགས་ཀྱང་།   དེ་དག་ནི་ལག་རྩལ་གྱི་ལས་རིགས་ཤིག་དང་བཟོ་ཚོང་དཔལ་འབྱོར་གྱི་ལམ་ག་ཞིག་ཡིན་པ་བསྙོན་དུ་ག་ལ་ཡོད།    འཚོ་བའི་ཆུ་ཚད་ཞན་པའི་ང་ཚོའི་མང་ཚོགས་རྣམས་ལ་མཚོན་ན་ལྷམ་བཙེམ་པ་སོགས་ལས་རིགས་ཙག་ཙིག་དེ་ཚོ་ནི་རང་གིས་འཇོན་ན་རྒྱུ་ནོར་འབོར་ཆེན་གྱི་མ་རྩ་གསོག་སྤྱད་ཀྱི་མན་ངག་ཅིག་ཡིན་པ་ངོ་འཕྲོད་དགོས་ཨང་།
     སྔོན་གྱི་ལོ་རྒྱུས་ལ་བལྟས་ན།  མུ་ནེ་བཙན་པོས་དབུལ་ཕྱུག་ལན་གསུམ་བསྙམས་པ་སོགས་ལ་བརྟེན་ནས་རང་རེའི་བོད་ཀྱི་སྤྱི་ཚོགས་འདི་ཉིད་དཔལ་ཡོན་གཉིས་ལྡན་གྱི་ཞི་བདེའི་འཇིག་རྟེན་ཞིག་ཏུ་གྱུར་ཅིང་།   ད་དུང་“རྒན་མོ་གསེར་འཁུར་གྱི་དུས་སྐབས”ཟེར་བའི་དམིགས་བསལ་གྱི་བསྐལ་བ་ཡག་པོ་ཞིག་ཀྱང་བྱུང་མྱོང་ཡོད་འདུག     དེ་བས།   སྐབས་དེ་དག་ཏུ་དམངས་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཤིན་ཏུ་བཟང་བའི་རྐྱེན་གྱིས་བོད་ཀྱི་སྤྱི་ཚོགས་སྟེང་རྒྱུན་རིང་བོ་ཞིག་ལ་དམིགས་བསལ་སྤྲང་བོ་ཟེར་བ་ཞིག་མེད་པའི་ཚོད་དུ་གནས་ལ།    རྗེས་སུ་རིམ་གྱིས་རྒྱ་སྤྲང་གི་ཁ་བོད་ཀྱི་ས་ཁུལ་གང་སར་དར་སོང་བ་རེད།   རིམ་བཞིན་རྒྱ་སྤྲང་ཚོས་སློང་མོའི་ལས་ཀ་དོར་ཏེ་ལྷམ་བཙེམ་པ་སོགས་ཀྱི་ལས་རིགས་གཉེར་བས་ད་ལྟ་རེ་རེ་བཞིན་སྦྱིན་བདག་ཆེན་པོར་གྱུར་འདུག་པ་དང་།    དེ་དག་གི་ཚབ་ཏུ་དེང་སྐབས་བོད་ཀྱི་ས་ཆ་གང་སར་བོད་མི་སྤྲང་བོས་གང་བཞིན་འདུག     དེའི་རྒྱུ་རྐྱེན་ཅི་ཡིན་ནམ།   ཚང་མས་ཤེས་གསལ་ལྟར་ཕྱི་ནང་གི་རྒྱུ་རྐྱེན་མང་བོ་ཞིག་གིས་ད་ལྟ་ང་ཚོ་རང་ས་རང་ཡུལ་ནས་བལྟས་བལྟས་རིག་རིག་ལ་སྤྲང་བོར་གྱུར་སོང་བའམ་བསྒྱུར་སོང་བ་རེད།  དེ་ལྟར་ང་ཚོ་དབུལ་ཕོངས་ཀྱིས་མནར་ཞིང་རྗེས་ལུས་སུ་གྱུར་ཚེ།   མི་སྐོར་ཞིག་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་རྐུ་འཕྲོག་བཅོམ་གསུམ་དང་རྒྱལ་འཇོག་ཤོ་རྒྱག     ཐ་ན་སྨད་འཚོང་སོགས་ཀྱི་ལས་སུ་ཞུགས་ཀྱིན་ཡོད།   ཁོ་ཚོའི་སེམས་སུ་རང་གི་ངལ་རྩོལ་དང་འབད་བརྩོན་ལ་བརྟེན་ནས་ཚུལ་མཐུན་གྱི་དཔལ་འབྱོར་གསོག་སྒྲུབ་བྱེད་རྒྱུའི་འཆར་གཞི་མེད་ཅིང་།   ཐ་ན་ལྷམ་བཙེམ་པ་སོགས་ཀྱི་གོ་རྟོགས་ཙམ་ཡང་སད་ཐུབ་ཀྱིན་མི་འདུག      ཁོ་ཚོས་ནམ་རྒྱུན་“རོ་ཁ་གདངས་ལ་གྲོག་གནམ་འབབ”ཀྱི་དངོས་གྲུབ་ཅིག་ལ་རེ་སྟོང་འཆང་སྟེ་བསྡད་ཡོད།
       ཉེ་ཆར་ངའི་གྲོགས་པོ་མཐོ་རིམ་སློབ་གྲྭའི་ལས་བྱེད་ཡིན་པ་ཞིག་གིས་བཤད་རྒྱུར།   ཁོ་ཚོའི་འབྲོག་སྡེ་དེ་ཉིད་ད་ལྟ་སྡེ་གསར་རམ་གྲོང་སྡེ་ཅན་དུ་བསྒྱུར་ཟིན་པའི་རྐྱེན་གྱིས་ཕྱུགས་ཟོག་འཚོ་ཐབས་དབེན་པས་ན།   ཁོ་རང་དབྱར་དགུན་གནང་གི་སྐབས་སུ་ཕ་ཡུལ་དུ་སྡོད་སྐབས་མཐའ་འཁོར་གྱི་རྩྭ་རའི་ནང་སོང་སྟེ་ཨོང་བ་རེ་བཏུས་པའི་ཚེ་ན།  ཉེ་འཁོར་གྱི་སྡེ་མི་ཚོས་ཁོའི་བྱེད་སྟངས་ལ་འཕྱ་སྨོད་བྱེད་བཞིན་སོ་སོའི་སྒོ་འགྲམ་དུ་འཚོགས་ཏེ་མུག་སྐྱོབ་ཀྱི་སྒོར་མོ་དེ་ཚོ་ནམ་འོངས་ལ་རེ་ལྟོས་བྱས་ནས་བསྡད་འདུག་ཟེར།    ཁོ་ཚོས་དེ་ལྟར་གཞན་གྱིས་མགོ་འཐོམ་བྱེད་དུ་བསྩལ་བའི་མུག་སྐྱོབ་ཀྱི་སྒོར་རྡོག་ཁ་ཤས་ལ་བསྒུགས་ནས་སྡོད་པ་ལས་རང་རང་གི་ལག་འགུལ་ཏེ་ལས་ཀ་གང་རུང་རེ་ལས་ན་དེ་བཞིན་གྱི་ཡོང་འབབ་ཅིག་རེག་ཐུབ་པ་མ་ཡིན་ནམ།
      ཉེ་སྔོན་ཞིག་ལ་ངས་ཀྱང་རང་ཁྱིམ་གྱི་ཕུ་བོར་“ཁྱེད་ཀྱིས་རླངས་འཁོར་དེ་རང་དགར་འཇོག་པ་ལས་གླ་གཏོང་དུ་བརྒྱུགས་ན་མི་བཟང་ངམ་”ཞེས་བཤད་པ་ན།   ཁོས་མ་རངས་པའི་ཉམས་ཀྱིས་“འཚོ་བར་དཀའ་ཁག་ཅི་འདྲ་ཆེ་ནའང་གཞན་ལ་གླ་གཡོག་གཏན་ནས་བྱ་མི་འདོད་”ཟེར།   ངས་ལན་དུ་“འཇིག་རྟེན་འདིར་གཞན་གྱི་ས་ནས་ལས་ཀ་བྱས་པ་གང་ཞིག་གླ་གཡོག་མ་རེད།  ཐ་ན་ང་ཚོ་དགེ་རྒན་ཚོའང་གཞན་གྱི་གླ་གཡོག་ཏུ་རྒྱུག་གིན་ཡོད་པ་རེད་”ཅེས་བཤད་ཚེ།  ཁོས་“དེ་ནི་གླ་གཡོག་གི་བྱ་ཞིག་ག་ཡིན་”ཟེར་ནས་ཁས་ལེན་ཐུབ་ཀྱིན་མི་འདུག      ངའི་བློ་ངོར་མི་ཤོང་བ་ཞིག་ནི།   འཛམ་གླིང་ཤར་ནུབ་ཀྱི་མི་རིགས་སྣ་ཚོགས་ཀྱིས་གླ་བྱས་ཆོག་ན་ངའི་ཡུལ་མི་འདི་ཚོས་དེ་ལྟར་བྱེད་མི་འདོད་དོན་ཅི་ཡིན་པ་དེ་རེད། 

      འདིར་ཡང་དྲན་སོས་པ་ཞིག་ནི།  ང་རང་ཆུང་དུས་སུ་ངེད་ཚོའི་རྫོང་མཁར་གྱི་སྒེར་གཉེར་རང་འདེམས་ཚོང་རའི་ནང་དུ་སྐད་རིགས་གསལ་བོ་མི་གོ་བའི་ནང་ལོགས་ཀྱི་རྒྱ་མི་ལྷམ་བཟོ་བ་སྐོར་ཞིག་འདུག་ལ།   དེ་ཚོའི་གྲས་ཀྱི་གཅིག་གིས་ནམ་རྒྱུན་ངའི་ལྷམ་བཟོ་མྱོང་བར་བརྟེན་ངེད་གཉིས་རིམ་བཞིན་ངོ་ཤེས་སམ་གྲོགས་པོ་ལྟ་བུར་གྱུར་ནས་ཉིན་ཞིག་ཁོས་ང་རང་ཁོའི་ཁྱིམ་ནང་དུ་མགྲོན་འབོད་ཀྱང་བྱས་སོང་།   ཁོ་རང་ནི་ཁོའི་ལས་རིགས་དེར་སྤྲོ་སྣང་ལྡན་ལ་ང་དང་ང་ལྟ་བུའི་ལྷམ་བཟོའི་མགྲོན་པོ་དག་ལ་སྣེ་ལེན་བྱེད་མཁས་པ་ཞིག་རེད།    ཁོས་བཤད་རྒྱུར་ལྷམ་བཙེམ་པ་འདིས་སྒོར་མོ་མང་བོ་ཞིག་གསོག་ཐུབ་ཟེར།    རྗེས་སུ་གཞན་གྱི་ངག་ལས་ཐོས་པ་ལྟར་ན།   ལྷམ་བཙེམ་མཁན་གྱི་རྒྱ་མི་དེ་ཚོར་དངུལ་ཁང་དུ་བསོགས་དངུལ་ཁྲི་ཚོ་མང་བོ་འདུག་པས།   སྤྱི་ཚོགས་སྟེང་གི་ཚོང་དཔོན་དང་ལས་བྱེད་མཐོན་པོ་དག་གིས་ཀྱང་ཁོ་ཚོའི་ལག་ནས་སྒོར་མོ་གཡར་གྱིན་འདུག་ཟེར།    མ་ཟད་ད་རུང་ཤོག་སྒམ་ཐེད་པོ་དང་དམ་བུ་སྟོང་བ་སོགས་གད་སྙིགས་སྒྲིག་མཁན་གྱི་མི་དེ་ཚོར་ཡང་དངུལ་ཁང་དུ་བསོགས་དངུལ་འབུམ་ཚོ་ཁ་ཤས་ཡོད་རབས་བཤད་ཀྱིན་འདུག     དེ་ནི་ཤིན་ཏུ་རྣར་འགྲོ་བ་ཞིག་སྟེ།   ལས་རིགས་ཆུང་ངུ་ཞིག་ཡིན་ནའང་འབད་བརྩོན་ལྷོད་མེད་ཀྱིས་ཁབ་གསོག་འབིག་གསོག་བྱས་ན་མང་བོ་ཞིག་ཏུ་འཕེལ་ཐུབ་པ་དོན་དངོས་རེད།


      དེང་སྐབས་ཀྱི་ང་ཚོ་བོད་མི་དག་ནི་དངུལ་བརླག་པ་ལས་གསོག་པར་མི་མཁས་ཤིང་།   རང་དགར་སྡོད་པ་ལས་ངལ་རྩོལ་ལ་མི་དགའ་བ་ཞིག་ཏུ་འགྱུར་གྱིན་འདུག      ད་དུང་འདི་ལྟར་མུ་མཐུད་དེ་ལོ་ཁ་ཤས་སོང་བ་ན།    རང་ཉིད་མེད་མུག་གིས་འཆི་ངེས་ཤིང་།  མཐར་རང་གི་མི་རིགས་རྒུད་ཅིང་རྒྱལ་ཁབ་ཀྱང་དཀའ་སྡུག་གིས་མནར་སྲིད་པ་ཐག་ཆོད་ཡིན།   དེ་བས།  ད་ལྟ་ནས་ལས་རིགས་ཆུང་ཆུང་ཞིག་གི་མགོ་བརྩམས་ཏེ་རིམ་བཞིན་དེ་ཉིད་རྒྱ་བསྐྱེད་ན་ད་གཟོད་ཉམས་མྱོང་འཛོམས་ནས་ནམ་ཞིག་གྲུབ་འབྲས་བཟང་བོ་ལེན་ཐུབ་ངེས་ཡིན།   དེ་ཡང་ཐོག་མར་ང་ཚོར་ལྷམ་བཙེམ་པ་ལྟ་བུའི་བློ་ཁོག་ཅིག་ངེས་པར་དགོས་ཏེ།   དེར་ངོ་གནོངས་པ་ནི་དོན་དམ་པར་རྗེས་ལུས་དང་བག་འཁུམས་ཀྱི་བྱ་སྤྱོད་ཐབས་རྡུགས་ཤིག་ཡིན་པས་སྤང་བར་བྱའོ།།

རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-01-14 ལྟ་ཀློག (4856)