ཁྲིམས་ནི་རང་སྲུང་མཚོན་ཆ་ཡིན། རྭ་རྒྱ་འཇིགས་མེད་རྒྱལ་མཚན།

རང་སྲུང་མཚོན་ཆ།

ཁྲིམས་ལུགས་ཀྱི་འདུ་ཤེས་མེད་ན་ནི་རང་ཉིད་སྲུང་བྱེད་ཀྱི་མཚོན་ཆ་མེད་ལ།  གཞན་ལ་རྒོལ་བྱེད་ཀྱི་སྙིང་སྟོབས་

དེ་བས་ཀྱང་ཡོད་མི་སྲིད།


        ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐད་གྲགས་ཅན་གྱི་མདོ་འཛིན་པ་ཙུ་ཅིན་ཟེར་བས་ལོ་འགའི་སྔོན་ལ་མི་འདི་འདྲ་ཞིག་ལ་བཅར་འདྲི་བྱས་འདུག  མི་དེས་མེ་འཁོར་ནང་ནས་ཆུ་དམ་བུ་གཅིག་ཉོས་པས་སྒོར་གཅིག་དང་ཟུར་ལྔ་ཡིན།  ཁོས་མེ་འཁོར་ཞབས་ཞུ་བ་ལ་དངུལ་བླངས་པའི་འཛིན་ཡིག་དགོས་ཞེས་བཤད་སྐབས་ཞབས་ཞུ་བ་གད་མོ་ཤོར་བཞིན་བཤད་རྒྱུར།  ང་ཚོའི་མེ་འཁོར་ནང་ལ་སྔོན་ཆད་ནས་བཟུང་འཛིན་བྱང་མེད་ཟེར།  དེ་ནས་མི་དེས་རྒྱལ་ཁབ་ལྕགས་ལམ་པུའུ་ཁྲིམས་རར་གཏུགས་ཏེ་མཐར་རྒྱལ་ཁ་ཐོབ།  མི་དེས་གསར་འགོད་པར་བཤད་རྒྱུར།  ང་ཚོ་སྟོབས་ཤུགས་ཆེན་པོའི་མདུན་དུ་ཐོན་སྐབས་མི་རྣམས་ཀྱིས་རྟག་པར་བརྩི་སྲུང་ཞུ་རྒྱུར་གདམ་ག་བྱེད་ཀྱིན་ཡོད།   གལ་ཏེ་དེ་རིང་ང་ཚོས་སྒོར་གཅིག་དང་ཟུར་ལྔ་ཡི་འཛིན་བྱང་བསྐྱུར་སོང་ན།  སང་ཉིན་ང་ཚོའི་ས་ཞིང་གི་དབང་ཆ་དང་རྒྱུ་ནོར་གྱི་དབང་ཆ་བསྐྱུར་སྲིད་ལ།   མཐར་ཚེ་སྲོག་གི་བདེ་འཇགས་ཀྱང་མི་འདོར་ཀ་མེད་ཡོང་གི་རེད།   རྩ་ཁྲིམས་ཀྱིས་སྤྲད་པའི་དབང་ཆ་དེ་ང་ཚོ་རང་གིས་བརྩོན་ལེན་བྱེད་མ་ཐུབ་ན།  རྩ་ཁྲིམས་ནི་ཤོག་སྟོང་ལྟ་བུ་ཞིག་ཏུ་གྱུར་འགྲོ། ཞེས་བཤད།  གཏམ་འདི་ནི་ང་ཚོ་ཡོན་ཏན་གྱི་ཆུ་ཚད་ཞན་པ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་པ་དག་གིས་སེམས་སུ་ཉར་དགོས་པའི་བསླབ་བྱ་གལ་ཆེན་ཞིག་རེད་འདུག

       དེང་སྐབས་དཔལ་འབྱོར་རྗེས་ལུས་ཡིན་པའི་ས་ཆ་དང་གཉོམ་ཆུང་སྡེ་ཁག་དང་མི་སྣ།  ཡང་ན་ཁྲིམས་ལུགས་མི་ཤེས་མཁན་རྣམས་ལ་མཚོན་ན་ལས་བྱེད་པ་དང་འགོ་བ་སོགས་མི་སྣ་གལ་ཆེན་ཞིག་གིས་ཁྲིམས་མེད་ལུགས་མེད་ཀྱི་སྐད་ཆ་གང་འདྲ་ཞིག་བཤད་ཀྱང་བདེན་པར་ཡིད་ཆེས་བྱེད་པ་ལས། ཁྲིམས་ལུགས་དང་མཐུན་མིན། སྲིད་ཇུས་དང་མཐུན་མིན་ལ་དཔྱད་པ་བྱེད་པའི་ལུགས་སྲོལ་ཆགས་མེད། མི་མང་བོ་ཞིག་ལ་དཔྱོད་བྱེད་ཀྱི་ཡོན་ཚད་མེད་པར་མ་ཟད་ཕྱིར་རྒོལ་གྱི་སྙིང་སྟོབས་ཀྱང་མེད། ཁྲིམས་དང་སྲིད་ཇུས་ཤེས་མཁན་གྱི་མི་རེ་གཉིས་ཡོད་ཀྱང་ཁོ་ཚོ་ཡང་རྒྱུ་དང་གོ་ས་ཡི་སྣ་ཐག་གིས་འཁྲིད་འགྲོ་བས་ཅི་འདྲའི་ཡིད་རེ་སྐྱོ་ཨང་།

      ཀྲུང་གོ་རྒྱལ་ཁབ་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་མི་ཞིག་ཡིན་ཕྱིན་རང་ལ་ཡོད་པའི་ཁྲིམས་མཐུན་གྱི་ཁེ་དབང་དེ་བརྩོན་ལེན་བྱེད་ཆོག་ལ་ངེས་པར་དུ་བརྩོན་ལེན་ཀྱང་བྱེད་དགོས། 

     2018ལོའི་ཟླ་8་པའི་ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་བོའི་ཐོག་གནང་བའི་གསུང་བཤད་ལས། ཀྲུང་གོ་འཛམ་གླིང་དུ་བསྐྱོད་པ་དང་།  འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་རྒྱལ་སྤྱིའི་ལས་དོན་ནང་ཞུགས་ཚེ་ངེས་པར་དུ་ཁྲིམས་སྐྱོང་སྤྱོད་མཁས་བྱེད་དགོས་ལ།  ཕྱི་ཕྱོགས་སུ་འཐབ་རྩོད་བྱེད་སྐབས་ང་ཚོས་བཅའ་ཁྲིམས་ཀྱི་མཚོན་ཆ་ཁྱེར་ནས་ཚད་མཐོའི་ཁྲིམས་སྐྱོང་གི་བཙན་ས་བཟང་བོ་འཛིན་དགོས་པ་དང་། གཏོར་བཤིག་གཏོང་མཁན་དང་དཀྲུག་ཤིང་འཕེན་མཁན་ལ་ཁ་གཏད་ཀྱིས་བཤད་ཕོད་པ་ཞིག་བྱེད་དགོས། ཞེས་གསུངས་པས་ང་ཚོས་ཁྲིམས་ལུགས་ཤེས་པ་ཙམ་གྱིས་མི་ཆོག་པར། ངེས་པར་དུ་ཁྲིམས་ལུགས་ཀྱི་ལག་ཆ་བཟུང་ནས་ཕར་རྒོལ་གྱི་སྙིང་སྟོབས་བསྐྱེད་དགོས།

 

      མདོར་ན་རྒྱལ་ཁབ་ཀྱིས་ང་ཚོ་ལ་སྲིད་ཇུས་བཟང་བོ་ཉི་འོད་ལྟ་བུ་ཞིག་བྱིན་ཀྱང་རང་ཉིད་ཀྱིས་བརྩོན་ལེན་མེད་ན་བྱང་འཁོར་གྱི་བྲག་ཁུང་དང་འདྲ་བས་ནམ་ཡང་ཉི་འོད་ཤར་བའི་གོ་སྐབས་མེད་ལ། རྩ་ཁྲིམས་ཀྱིས་ང་ཚོ་ལ་ཇི་འདྲའི་ཁེ་དབང་ཆེན་པོ་ཞིག་བྱིན་ཡོད་ཀྱང་རང་ཉིད་ཀྱིས་སྲུང་སྐྱོབ་མ་བྱས་ན་ཞིང་ལ་ལུད་རྫས་སོགས་ཀྱིས་བདག་སྐྱོང་མེད་པའི་ཞིང་བ་དང་མཚུངས་པས་ནམ་ཡང་ལོ་ཏོག་གི་འབྲས་བུ་འཐོབ་མི་སྲིད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་ཞིག་ཡིན་པས་དོན་སྙིང་གལ་ཆེན་དང་ལྡན། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བའི་འགན་ལེན་གལ་ཆེན་བཅས་ཡིན། གནའ་མི་བོད་པའི་ཁ་དཔེ་ལ།  ཡང་ལྕི་ཡི་རྒྱ་ལོང་གྱེན་དུ་འདེགས་ཤིང་མང་ཉུང་གི་བྲེ་ཁ་འཕྲེད་ལ་གཅོད་དགོས་ཟེར་བ་ནི་དྲང་བདེན་དང་རྒྱུ་འབྲས་ཀྱི་བྱ་གཞག་སེམས་གཏིང་དུ་ཟིན་པའི་སྐྱེས་བུ་ཚད་ལྡན་དག་ལ་ཚད་ཤིང་གལ་ཆེན་ཞིག་ཡིན་མོད།  དཔལ་འབྱོར་གྱི་འཕེལ་རིམ་རྦ་རླབས་བཞིན་འཕྱུར་ཞིང་འདོད་རྔམ་གྱི་ཚད་རིམ་མེ་ལྕེ་བཞིན་འབར་བའི་དུས་རབས་འདིའི་མི་མང་བོ་ཞིག་ལ་མཚོན་ན་ངེས་པར་དུ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ་བརྟེན་ནས་རང་ཕན་སྲུང་སྐྱོང་དང་གཞན་གནོད་གདོང་གཏུག་གི་ནུས་པ་མཐོར་འདེགས་བྱེད་དགོས། དེ་ལྟར་མ་ཡོང་ཚེ་ཕམ་ཁ་ཉོ་མཁན་ནི་མང་ཚོགས་དང་གཉོམ་ཆུང་ཚོ་ཡིན་ལ།  མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བའང་ཐག་ཇེ་རིང་དུ་འགྲོ་སྲིད། དེའི་ཕྱིར་ཞིང་འབྲོག་མང་ཚོགས་ཡོངས་ཀྱིས་གཟབ་ནན་སྒོས་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ཏེ་ཁྲིམས་ལུགས་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུ་ནི་ངའི་སྐད་ཆའི་མཇུག་སྡོམ་གྱི་ཚིག་ཡིན།

༢༠༡༩ལོའི་སྤྱི་ཟླ་༡༡པའི་ཚེས་༡༨ཉིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་རྒྱལ་ས་པེ་ཅིན་གྱི་དར་བསྒྲེངས་མགྲོན་ཁང་དུ་བྲིས།


依法治国

      中央电视台著名主持人柴静曾经采访过这么一个人。—位乘客在火车上买了一瓶一块五毛钱的水,然后他向列车员索要发票。列车员乐了,说:“我们的火车上自古就没有发票。”然后这个人把铁道部告上了法庭。他说:“人们在强大的力量面前总是选择服从。但是,如果今天我们放弃了一块五毛钱的发票,明天我们就有可能被迫放弃我们的土地权、财产权和生命安全。宪法赋予我们的权利如果不用来争取的话,宪法就只是一张白纸。”

     习近平总书记2018年8月24日在中央全面依法治国委员会第一次会议上强调: “中国走向世界,以负责任大国参与国际事务,必须善于运用法治。在对外斗争中,我们要拿起法律武器,占领法治制高点,敢于向破坏者、搅局者说不。”

     依法治国, 建设社会主义法制国家,是党领导人民治理国家的基本方略,  具有重大意义。它是发展社会主义市场经济的客观需要, 是社会主义文明进步的重要标志, 是国家长久治安的重要保障。因此,希望全国各地农牧民群众都认真学习法律,树立法制观念。为了大家过上幸福生活,国家长治久安做出自己的应有贡献。

 2019年11月18日拉加•吉美坚赞在北京


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-01-10 ལྟ་ཀློག (7951)