ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག


     དེ་རིང་ནི་སྤྱི་ཟླ་དགུ་བའི་ཚེས་བཅུ་བཞི་དང་གཟའ་སྤེན་པ་ཡིན་པས་ནམ་རྒྱུན་ལྟར་གཟའ་མཇུག་གི་སྤྱི་སྡོམ་འཚོགས།  ཡིན་ན་ཡང་དེ་རིང་གི་སྤྱི་སྡོམ་ལ་ནམ་རྒྱུན་དང་མི་འདྲ་བའི་ཚོར་སྣང་གསར་བ་རེ་སྐྱེས་བྱུང་།  ང་ཚོའི་སྟོབས་ཤུགས་ལ་གསོན་ཉམས་རྒྱས་ཤིང་ང་ཚོའི་མདུན་ལམ་ལ་བཀྲག་མདངས་འཚེར་འདུག  གཡས་སུ་གཞུང་ལུགས་རམ་འབྱམས་ལ་མཁྱེན་རྒྱ་ཡངས་ཤིང་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་སུ་ལྡང་བའི་དགེ་རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་གཡོན་དུ་ཚངས་དབྱངས་ལྷ་མོའི་པི་ཝང་གི་བྱིན་རླབས་ཞུགས་ཤིང་གནས་ལྔ་རིག་པའི་དར་ཚོན་གྱི་སྐ་རགས་བཅིངས་པའི་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་བཞུགས་ལ།  རྒྱབ་ན་བྲག་རི་བཞིན་བསྐྱོར་བའི་ལྷག་བསམ་དུང་ལས་དཀར་ཞིང་བརྩོན་པ་ཆུ་རྒྱུན་ལས་རིང་བའི་དགེ་རྒན་དང་ལས་བཟོ་བ་བརྒྱ་ཕྲག་ལ་ཉེ་བའི་དཔུང་རྡང་མཉམ་པ།  མདུན་ན་རྣ་བ་ཀྲོང་ཀྲོང་གིས་ཉན་པའི་སློབ་ལ་དགའ་ཞིང་སྦྱོང་ལ་བརྩོན་པའི་ན་གཞོན་བློ་རིག་ཅན་སྟོང་ཕྲག་ལྷག་གི་ཕུགས་འདུན་གཙང་བ།  བརྗིད་ཅིང་མཛེས་པའི་སློབ་ཁྲིད་ཀྱི་ཐོག་ཁང་གསར་བ་འདི་ནི་བློན་པོ་མགར་སྟོང་བཙན་གྱི་རུས་རྒྱུད་ལས་མཆེད་པར་གྲགས་པའི་མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་སྦྱིན་བདག་བྱས་ཏེ་ད་ལོ་གསར་དུ་ལེགས་འགྲུབ་བྱུང་བ་ཞིག་རེད།   ང་ཚོའི་མི་རིགས་ལ་མཚོན་ན་ཚིག་གསུམ་བཤད་ཤེས་པ་དང་མ་ཎི་འདོན་ཤེས་ལ་གོམ་གསུམ་སྤོ་ཤེས་པ་དང་གུས་ཕྱག་འཚལ་ཤེས་པའི་མི་རིགས་ཤིག་ཡིན་པས།  དགོན་པར་རྟེན་བཞེངས་བྱེད་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་རྒྱུ་ནི་མ་བསྐུལ་དང་བླངས་བྱེད་པའི་ལུགས་སྲོལ་དུ་ཆགས་ནས་ཤ་གསེང་རུས་གསེང་ལ་ཞུགས་ཡོད།  འོན་ཀྱང་སློབ་གསོའི་ཐད་ལ་མ་བསྐུལ་དང་བླངས་སྒོས་སྦྱིན་བདག་བྱེད་མཁན་ནི་ཉིན་མོའི་སྐར་མ་དང་ནམ་མཁའི་མེ་ཏོག་གི་གྲོགས་སུ་གྱུར་འདུག  ཅུང་མ་འགོར་བའི་ལོ་ངོ་འདི་དག་གི་རིང་ལ་བོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་ནང་དུ་འང་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་ཡང་རིག་གནས་སློབ་གསོ་ཟེར་བ་འདི་མེད་སོང་ན་ནི་ཐམས་ཅད་རྩ་མེད་དུ་འགྲོ་བཞིན་ཡོད་པ་ངོ་འཕྲོད་ཀྱིན་འདུག  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐད་ནས་བཤད་ན་ལོ་ངོ་ཁ་ཤས་ཀྱི་ནང་དུ་མང་ཚོགས་དཀྱུས་མ་ཚོས་དམངས་སྒོར་ཁྲི་སྟོང་ཕྲག་གཉིས་ལ་ཉེ་བའི་ཞལ་འདེབས་ཕུལ་ཏེ་ཐོག་ཁང་གསར་བ་གང་མང་ཞིག་འཛུགས་སྐྲུན་བྱས་ཡོད་པས་འདི་ནི་མི་རིགས་ཤིག་གི་ཡར་རྒྱས་དང་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་བཞིན་པ་མཚོན་ཡོད་པས་འདིར་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།  དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས། 


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་གསུམ། 


མགར་རྩེ་ཚོ་བ་བཅོ་བརྒྱད་ཀྱིས་གསར་དུ་བཞེངས་པའི་སློབ་ཁྲིད་ཐོག་ཁང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2019-09-15 ལྟ་ཀློག (4159)