གཞན་ཕན་ཀུན་སྣང་ཚོགས་པས་ལོ་འཁོར་བཅུའི་དགའ་སྟོན་ཚོགས་འདུ་བསྡུས་པ།

གཞན་ཕན་ཀུན་སྣང་ཚོགས་པས་ལོ་འཁོར་བཅུའི་དགའ་སྟོན་ཚོགས་འདུ་བསྡུས་པ།

         སྤྱི་ལོ༢༠༡༩ལོའི་ཟླ༨པའི་ཚེས༣༡ཉིན་ཞིང་ཆེན་གསུམ་གྱི་མི་སྣ་ལས་གྲུབ་པའི་གཞན་ཕན་ཀུན་སྣང་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁོང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གཞན་ཕན་ཀུན་སྣང་ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་བྱ་བཞག་ལེགས་གྲུབ་ཀྱི་དགའ་སྟོན་ཚོགས་ཆེན་ཚོགས་ཡུལ་བསང་གཞུང་གཡུ་ཡི་དགའ་ཚལ་དུ་ཕེབས་ཏེ་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་མཆོག་གི་སྐུ་རིང་ནས་ཚེ་ཐར་བཏང་བའི་སྲོལ་དང་ཚེ་ཐར་བཏང་བའི་ཕན་ཡོན་གྱི་སྐོར། བྱ་བ་ཅི་བསྒྲུབས་ཀྱང་གཙོ་བོ་བསམ་པ་ལ་རག་ལས་པས་ཉལ་བའི་ཚུན་ཆད་དུ་བསམ་པ་དག་ན་དགེ་བའི་ངོ་བོ་གོང་འཕེལ་དུ་འགྲོ་བའི་སྐོར། དགེ་བ་འགྲུབ་མི་འགྲུབ་ནི་རང་ལ་རག་ལས་ཤིང་། སེམས་ནི་རྟ་དང་དྲན་ཤེས་སྲབ་སྐྱོགས་བཞིན་དུ་འགྲོ་ཚུལ། སྲབ་སྐྱོགས་ཀྱིས་ཀྱང་མི་ཆོག་པར་དགེ་བའི་བརྩོན་འགྲུས་ལྕག་གིས་སྐུལ་དགོས་ཞེས་བྱམས་བརྩེའི་གདམས་པ་མང་དུ་གནང་བ་དང་། ཚོགས་པའི་སྒྲིག་ཡིག་ནི་ཆད་པ་གཅོད་བྱེད་དང་ཁྲིམས་ལུགས་ནི་མགོ་མནོན་བྱེད་མ་ཡིན་ཏེ་རང་ཉིད་སྲུང་བའི་གོ་ཆ་དང་། སྒྲིག་ཡིག་ནི་ཚོགས་པ་ཡུན་རིང་དུ་གནས་ཕྱིར་དུ་ཆེད་དུ་ཡིན་དགོས་པ། སྒྲིག་ཡིག་ནང་ལྟར་དུ་བསྒྲུབ་དགོས་པ། སྒྲིག་ཡིག་ལྟར་རྒྱུན་ལས་མི་སྣས་འགན་ཁུར་རེ་རེ་བཞིན་ངོ་ཟིན་དགོས་པ། སྒྲིག་ཡིག་ཡག་པ་ཞིག་ཡོད་པས་མི་ཆོག་པར་སྒྲིག་ཡིག་ངོ་འཕྲོད་དགོས་པའི་སྐོར་ལུང་གི་རྒྱབ་བསྟེན་དང་རིག་པའི་སྒྲུབ་བྱེད། གསལ་བྱེད་ཀྱི་དཔེ་དང་བཅས་གསུང་བཤད་གྱ་ནོམ་པ་བསྩལ། མཇུག་མཐར་ཚོགས་མི་རྣམས་ཀྱིས་ཁོང་གི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་རྩེད་རིགས་ཀྱི་མཆོད་པ་ཕུལ་ཏེ་ཁོང་ཚོགས་མི་རྣམས་ཀྱིས་སྐྱེལ་མ་བྱས་པའོ། །

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་ཕེབས་བསུ་གནང་བཞིན་པ།

ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་འཁོར་བའི་དུས་ཆེན་གྱི་ལེགས་སྐྱེས་གནང་བཞིན་པ།

ཚོགས་མི་ཚོས་ཁོང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་དམངས་གླུ་ལེན་གྱིན་པ།

ཁོང་ཕེབས་ཁར་ཚོགས་མི་ཚོས་སྐྱེལ་མ་གནང་བཞིན་པ།

གསར་འགོད་པ།  རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2019-08-31 ལྟ་ཀློག (3866)