དྷི་ཚའི་གདན་རབས་ལ་མཇལ་བའི་ཟིན་བྲིས་བདུད་རྩིའི་ཆུ་འཛིན་འཁྲིགས་པའི་ཆར་རྒྱུན།

དྷི་ཚའི་གདན་རབས་ལ་མཇལ་བའི་ཟིན་བྲིས་བདུད་རྩིའི་ཆུ་འཛིན་འཁྲིགས་པའི་ཆར་རྒྱུན།



ལྡོང་སྣང་བུ།

དང་བོ། མཛད་པ་བོའི་རྣམ་ཐར་མདོར་བསྡུས།

       དེབ་འདིའི་མཛད་པ་བོ་རྗེ་བཙུན་བཤད་སྒྲུབ་རྒྱ་མཚོ་(མི་ཕམ་མཚོ་བྱུང་དགྱེས་པའི་བློ་གྲོས་)ནི་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་(1940-1998)མདོ་ཁམས་གཡར་མོ་ཐང་སྟེ་མཚོ་ལྷོའི་རིག་སྨོན་ནས་སྐུ་འཁྲུངས། དགུང་ལོ་དྲུག་[①]བཞེས་པར་དྷི་ཚ་དགོན་དུ་ཕེབས་ནས་ཀུན་སྤངས་ཆེན་མོ་སྙན་གྲགས་རྒྱ་མཚོ་ཚང་ཀློག་གི་བླ་མར་བསྟེན། རིམ་བཞིན་གདན་ས་དེ་གའི་དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་དང་རྗེ་འབྲོག་རུ་བ། རྗེ་བཙུན་ཡེ་ཤེས་རྒྱ་མཚོ་སོགས་མཁས་པའི་དབང་བོ་བཅུ་ཕྲག་ལྷག་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས། རྣམ་འགྲེལ། སེམས་སེམས་བྱུང་། གྲུབ་མཐའ། ས་ལམ། བྱམས་གཞུང་། ཆོས་འཁོར། དགེ་འདུན་ཉི་ཤུ་སོགས་དང་། ཐུན་མོང་རིག་གནས་ཀྱང་སྒྲ་སྙན་སྨན་རྩིས་ལ་སོགས་ཞིབ་ཏུ་སྦྱངས་ནས་མཁས་པའི་གྲགས་པ་རྒྱས།

     སྤྱི་ལོ་1958ལོར་དུས་ཀྱི་རྐྱེན་དབང་གིས་ཕ་ཡུལ་ལ་བཙན་གྱིས་ཕེབས་སུ་བཅུག་པ་མ་ཟད་གྲོང་ཆས་ཀྱང་གྱོན་དུ་བཅུག འོན་ཀྱང་ཁོང་གིས་སྡོམ་དམ་ཚིགས་སྔར་ལྟར་མིག་གི་འབྲས་བུ་བཞིན་བསྲུངས་པས་ངོ་མ། ཡ་རབས་རྣམས་ཀྱི་སྤྱོད་པ་ལ།།སྐྱེ་བོ་ངན་པས་གནོད་མི་འགྱུར།།རིན་ཆེན་སྒྲོན་མ་འབར་བ་ལ།།འཐོར་རླུང་ཚོགས་ཀྱིས་མི་སོད་དོ།།[②]ཞེས་པ་བཞིན་དོན་དང་ལྡན་པའི་རྣམ་ཐར་ངོ་མཚར་ཡོད། རིག་སྨོན་སློབ་ཆུང་དང་སློབ་འབྲིང་། གུང་ཧོ་རྫོང་མི་རིགས་སློབ་འབྲིང་། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་སུ་དགེ་རྒན་གྱི་ཕྱག་ལས་བཞེས་ཏེ་མཚོ་ལྷོའི་སློབ་གསོའི་ཐད་ལ་མཛད་རྗེས་མི་དམན་པ་བཞག མཐར་དགུང་གྲངས་ང་བརྒྱད་བཞེས་པ་ས་ཕོ་སྟག་གི་ལོར་དགོངས་པ་རྫོགས་ཚུལ་བསྟན།

གཉིས་པ། ཟིན་བྲིས་དངོས།

   1སྤྱིར་དྷི་ཚ་དགོན་པར་ཡོངས་འཛིན་རིན་པོ་ཆེ་རྗེ་ཕུན་ཚོགས་དར་རྒྱས་པས་མཛད་པའི་གདན་རབས་ཚིགས་བཅད་མ་ཤིན་ཏུ་བསྡུས་པ་ཞིག་དང་གོང་དུ་བརྗོད་པའི་དམ་པ་དེ་ཉིད་ཀྱིས་མཛད་པའི་གདན་རབས་ཚིགས་ཤིག་ཡོད་པ་འདི་གཉིས་ལས་མེད་མོད་ད་རེས་ངས་བཀླགས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་གདན་རབས་འདི་ལ་ཆོས་སྡེ་འདི་ཉིད་ཕྱག་འདེབས་མཛད་པ་བོའི་རྣམ་མདོར་བསྡུས་དང་ཆོས་སྡེ་འདི་ཉིད་ཆགས་སའི་གནས་ཀྱི་ཆེ་བ་བརྗོད་པ། ཆོས་སྡེ་འདི་ཉིད་ཕྱག་འདེབས་གནང་ཚུལ་དང་བཤད་སྒྲུབ་ཀྱི་སྲོལ་དར་ཚུལ། ཆོས་སྡེ་འདིར་བྱོན་པའི་སྐྱེས་ཆེན་འགའ་ཞིག་གི་རྣམ་ཐར་བརྗོད་པ། སྡེ་འདིར་བཀའ་དྲིན་མཆོག་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་འགའ་ཞིག་གི་རྣམ་ཐར་མདོར་བསྡུས། སྐུ་གསུང་ཐུགས་རྟེན་གྱི་དཀར་ཆག་དང་ཆོས་ཐོག་གི་རིམ་པ་མདོ་ཙམ་གླེང་བ། མཇུག་བསྡུ་བའི་གཏམ་སྟེ་ཐུབ་བསྟན་ཡང་དར་སྐབས་སུ་ཆོས་སྡེ་འདི་ཉིད་ཉམས་གསོ་མཛད་ཚུལ་བཅས་ལེའུ་བདུན་ཡོད་པ་འདི་ཅུང་རྒྱས་པར་མཐོང་།

      གདན་རབས་འདི་ནི་རྗེ་བཤད་སྒྲུབ་རྒྱ་མཚོ་ཁོང་གི་ཡོངས་འཛིན་རིན་པོ་ཆེས་བཀའ་ལུང་བསྩལ་བ་བཞིན་མཛད་པ་ཡིན་ལ། འདིའི་མཚན་བྱང་རྒྱས་པར་མདོ་སྨད་བྱང་རྒྱུད་ཀྱི་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་དཔལ་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་གདན་རབས་དང་དཔལ་མི་འགྱུར་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་གདན་རབས་མདོར་བསྡུས་ཏེ་བཀོད་པ་ངོ་མཚར་ནོར་བུའི་དོ་ཤལ་ཞེས་མཚན་བྱང་མི་འདྲ་བ་གཉིས་བྱུང་ཞིང་། ཡོངས་གྲགས་སུ་དྷི་ཚ་དགོན་པའི་གདན་རབས་ཞེས་གྲགས། འདི་ནི་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བདུན་པ་དཔལ་གདོང་ཆུ་བྱ། སྤྱི་ལོ1993ལོར་བརྩམས་ཤིང་1995ལོར་དཔར་དུ་བསྐྲུན།

2བརྗོད་བྱ།

ལེའུ་དང་བོར་ཆོས་སྡེ་འདི་ཉིད་ཕྱག་འདེབས་མཛད་མཁན་ཞྭ་དམར་རྡོ་རྗེ་འཆང་སྐུ་ཕྲེང་བཞི་བ་པཎྚི་ཏ་ཆེན་པོ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་(1852-1912)རྣམ་ཐར་བརྗོད་ཡོད་ཅིང་ང་ལ་མཚོན་ན་ཆེས་ཡིད་འགུལ་ཐེབས་པ་ནི། དམ་པ་ཁོང་གི་བླ་མ་རྗེ་ཤེས་རབ་རྒྱ་མཚོ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་སྐབས་ཐུགས་གཏིང་ནས་སྐྱོ་བས་གསོལ་བ་དྲག་ཏུ་བཏབ་པ་ན། བླ་མ་མཆོག་གི་དགྱེས་ཞལ་དངོས་སུ་མཇལ་ཞིང་གསུང་གི་བདུད་རྩི་བསྩལ་བའི་སྟབས་ཀྱིས། ཉིད་ཀྱིས་མཛད་པའི་སྙན་ངག་གི་དཔེ་བརྗོད་བདུད་རྩིའི་མཆོད་ཡོན་དུ། གང་ཉིད་ཞི་བར་གཞོལ་ཚེ་གདུང་ཤུགས་ཀྱིས།།མཇལ་ཕྱིར་ཕ་རོལ་ལམ་དུ་བགྲོད་བརྩམས་པ།།ཁྱབ་བདག་བླ་མ་དམ་པ་དགྱེས་འཛུམ་ཞལ།།མངོན་སུམ་གྱུར་འདི་རྨི་ལམ་མིན་ནམ་ཅི།།ཞེས་གསུངས་པ་འདི་རེད།

     རྗེ་འདི་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་དོན་མཛད་ཚུལ་ཚིག་ཉུང་དོན་བསྡུས་ཤིག་མཐོང་བ་ནི། འགྲོ་བའི་མགོན་པོ་འདི་ཉིད་བསྟན་འགྲོའི་དོན་སྒྲུབ་པར་སྐྱོ་ངལ་གཏན་ནས་མི་མངའ་བས། རོང་བོ་དགོན་ཆེན་དང་བཀྲ་ཤིས་འཁྱིལ་སོགས་རེབ་གོང་ཕྱོགས་ཀྱི་དགོན་མ་ལག་ཐམས་ཅད་དང་། གདན་ས་བདེ་མཆོག་ཆོས་གླིང་དང་། མགུར་རྣམ་རྒྱལ་གླིང་སོགས་ལ་མོའི་དགོན་མ་ལག་རྣམས་དང་། གོང་བ་གྲྭ་ཚང་སོགས་ཁྲི་ཀའི་ཕྱོགས་ཀྱི་དགོན་སྡེ་དུ་མ། བིས་མདོ་དགོན་ཆེན། སྐུ་འབུམ། བྱ་ཁྱུང་། དགོན་ལུང་། གསེར་ཁོག་སོགས་ཙོང་ཁ་ཉིན་སྲིབ་ཀྱི་དགོན་སྡེ་མང་པོ་དང་། ཨ་རིག་དགོན་ཆེན་དང་རྐང་ཚའི་དགོན་ཆེན་སོགས་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་དུ་མས་མཚོན། མདོར་ན་མདོ་ཁམས་སྨད་ཀྱི་བཤད་སྒྲུབ་ཆོས་ཀྱི་སྡེ་ཐམས་ཅད་ལན་དུ་མར་ཞབས་ཀྱིས་བཅགས་ཤིང་། དབང་ལུང་ཁྲིད་མན་ངག་གི་ཆོས་ཆར་ཅི་འདོད་དུ་བསྩལ་བས། སྐལ་བཟང་གདུལ་བྱ་མ་སྨིན་པ་སྨིན་པར་མཛད་ཅིང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་པ་དང་ཆབས་ཅིག་ཞལ་མཇལ་གསུང་ཐོས་ཀྱིས་འགྲོ་བ་སའི་རྡུལ་གྲངས་དང་མཉམ་པའི་རྒྱུད་ལ་ཐར་བའི་ས་བོན་ཁྱད་པར་ཅན་བསྐྲུན་པར་མཛད་དོ།།ཅེས་པ་འདི་རེད།  གཞན་ཡང་བཅུ་གསུམ་པ་ཆེན་པོ་མཁས་གྲུབ་བྱེ་བའི་འདུན་ས་སྐུ་འབུམ་བྱམས་པ་གླིང་དུ་ཞབས་ཀྱི་པདྨོ་ཉེ་བར་བཀོད་པས། རྗེ་འདི་ཉིད་ཞལ་མཇལ་ཕྱིར་ཕེབས་ནས་གཟིམ་ཁང་དུ་མཇལ་ཁ་ཞུས་ཚེ། ཁོང་གིས་གཟིགས་མ་ཐག་ཕྱག་ཐལ་མོ་སྦྱར་ཏེ་ལྔ་བ་ཆེན་མོ་དངོས་སུ་འདུག་གསུངས་ཏེ་དགྱེས་བརྩེའི་ཉམས་ཆེན་པོ་གནང་བ་ལྟ་བུའི་མཁས་པ་མཁས་པའི་ནང་ན་མཛེས་པའི་རྣམ་ཐར་ངོ་མཚར་བའང་བྱུང་།

       ལེའུ་གཉིས་པར་ཆོས་སྡེ་འདི་ཉིད་ཆགས་སའི་གནས་ཀྱི་ཆེ་བ་བརྗོད་ཡོད་དེ། གནས་མཆོག་འདི་ནི་དུས་བཞིའི་དྲོ་གྲང་སྙོམས་ཤིང་ཐན་ཤོད་སོགས་ཀྱི་གནོད་པ་ཆུང་བ། སའི་བཅུད་བཟང་ཞིང་འབྲུ་རིགས་དང་སྨན་རིགས་སྣ་ཚོགས་སྨིན་པ། ཆུ་དྭངས་ཤིང་བསིལ་བ། རྟ་ནོར་སོགས་སྒོ་ཕྱུགས་དང་ཤྭ་རྐྱང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ་སོགས་མདོར་ན་སའི་དགེ་བཅུ་ཚང་བར་གསུངས་ཤིང་དགོན་གནས་དངོས་ནི་རྗེ་བཙུན་ཆོས་ཀྱི་དཔལ་མོའི་སྐུའི་དབྱིབས་སུ་གསལ་བར་བཀྲ་བའི་མདུན་ས་ཉིད་ཡིན་པར་གསུངས། གཞན་ཡང་བཀའ་གདམས་གླེགས་བམ་ལས། གནས་བཀྲ༷་ཤི༷ས་བརྟན་པ་ལྷུན་པོའི་འདབས།།ཆོ༷ས་སྤྱོད་དགེ་བ་འཕེལ་ན་ཡང་།།སྡི༷ངས་བུ་ལྟ་བུ་ལ་སོགས་པ།།དེ་ཡང་གནས་ཆེན་དམ་པ་ཡིན།།ཞེས་ཆོས་སྡེ་འདི་ལུང་བསྟན་པར་མངོན།

      ལེའུ་གསུམ་པར་ཆོས་སྡེ་འདི་ཕྱག་འདེབས་གནང་ཚུལ་དང་བཤད་སྒྲུབ་ཀྱི་སྲོལ་དར་ཚུལ་བརྗོད་ཡོད་ལ།  དེ་ལས་སྡེ་འདི་བཤད་གྲྭ་གཞན་དང་ཅུང་མི་འདྲ་བར་སློབ་གཉེར་བ་རྣམས་ཀྱིས་ཐོས་བསམ་ཐོག་མར་བྱེད་སྐབས་ལམ་རིམ་ཆེ་ཆུང་དང་རྡོ་རྗེ་འཆང་ཁོང་གི་ལམ་ཁྲིད་སོགས་ཀྱི་ཞལ་ལུང་རེ་ངེས་པར་གསན་དགོས་ཤིང་། གང་ཤེས་རྒྱུད་ལ་སྦྱོར་བའི་ཉམས་ལེན་དུ་ཕྱག་དང་སྐོར་བ། མཆོད་འབུལ་ལ་འབད་པའི་སྲོལ་བཟང་བོ་དར་ཚུལ་བརྗོད་ཡོད།སྡེ་འདི་ལ་བརྟེན་ནས་ཆོས་སྡེ་གཞན་དུ་བཀའ་པོད་ལྔའི་འཆད་ཉན་གྱི་སྲོལ་བྱུང་ཚུལ་སོགས་ཀྱང་གང་འཚམས་ཤིག་འདུག

      ལེའུ་བཞི་བར་ཆོས་སྡེ་འདིའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་རྣམ་ཐར་བརྗོད་གཞིར་བཟུང་ནས་འཆད་ཉན་རྒྱས་ཚུལ་དང་དགེ་འདུན་གྱི་ཞལ་གྲངས་བདུན་བརྒྱ་ལྷག་ལ་སླེབས་པ།

      སྤྱི་ལོ་1958བར་དུ་དམ་པ་དེ་དག་གིས་བསྟན་པ་བསྐྱངས་ཤིང་འགྲོ་དོན་མཛད་ཚུལ་ཞིབ་རྒྱས་སུ་གསུངས།

      ལེའུ་ལྔ་བར་སྡེ་འདིར་བཀའ་དྲིན་མཆོག་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་འགའ་ཞིག་གི་རྣམ་ཐར་མདོ་ཙམ་བརྗོད་ཡོད་དེ། དེ་ལས་ཀྱང་གྲུབ་མཐའ་རྩ་བ་དང་འགྲེལ་བ་དོན་གསལ་གཉིས་སྟོང་ལ་ཉེ་བ་རེ་སྐྱོར་ཚུལ་དང་བཀའ་འགྱུར་ལུང་ཚར་ལྔ།བསྟན་འགྱུར་གྱི་ལུང་ལན་འགའ། རྗེ་ཡབ་སྲས་ལྔའི་གསུང་འབུམ་གྱི་ལུང་ཚར་དགུ་རེས་མཚོན་གསུང་འབུམ། ཆོས་སྐོར། ལུང་སིལ་བུ་སྣ་ཚོགས་སོགས་ཆོས་རྒྱུན་རྣམ་དག་མཐའ་ཡས་པ་ལན་དུ་མར་གནང་བ། ལོ་གཅིག་ལ་བཀའ་འགྱུར་གྱི་ལུང་ཚར་གཉིས་གནང་བར་གྲགས་པ་སོགས་འཆད་ཉན་གྱི་བགྱི་བ་རྒྱ་ཆེན་པོ་མཛད་ཚུལ་དང་སློབ་གཉེར་གནང་བའི་སྐབས་སུ་ཡང་ཉིན་བཞིན་མཆོད་ཡོན་བརྒྱ་ཕྲག་དུ་མ་འབུལ་བར་འབད་པ། ཞལ་འདོན་དང་ཕྱག་སྐོར་སོགས་སྦྱོར་བའི་ཆོས་ཀྱི་ཉམས་ལེན་ཡང་བཞེས་པ། ལྷག་པར་སཾ་གྷའི་མཚན་ཅན་རྡོ་རྗེ་འཆང་ཁོང་གིས་ལྷ་མིའི་རྣམ་འདྲེན་པཎ་ཆེན་ཆོས་ཀྱི་རྒྱལ་བོ་རྗེ་ཆོས་ཀྱི་ཉི་མའི་བཀའ་བཞིན་ཚེ་སྒྲུབ་མཛད་དེ་ཚེ་བུམ་ཕུལ་བ་ཕྱག་ཏུ་འབྱོར་སྐབས་ཚེ་རིང་འཕེལ་བས་ཀུན་གཟིགས་མཆོག་ཐུགས་དགྱེས་ཤིང་སླར་ཡང་ཚེ་སྒྲུབ་གནང་དགོས་ཚུལ་ཚིགས་བཅད་[③]ཀྱི་ལམ་ནས་བཀའ་གསུང་གནང་བ་ལྟ་བུའི་རྣམ་ཐར་བསྟན།

      ལེའུ་དྲུག་པར་སྐུ་གསུང་ཐུགས་རྟེན་གྱི་དཀར་ཆག་དང་ཆོས་ཐོག་གི་རིམ་པ་གླེང་བ་ལས་ང་ཆེས་སྨོན་པ་ཤོར་སའམ་དགོས་མཁོ་ཆེ་བ་ནི། གདན་ས་འདིའི་ཆོས་ཐོག་གཙོས་དུས་ཚོད་ནམ་ཞིག་ཡིན་ཡང་རྩོད་པ་ཧ་ཅང་འགྲོ་ཆེ་བས་མཚན་ཕྱེད་ཡོལ་བའི་བར་དུ་གྲོལ་མི་ཐུབ་པའི་སྐབས་མང་བར་གསུངས་པ་དང་ཚོགས་གྲོལ་རྗེས་སུའང་རང་རང་གི་ཤག་ཏུ་མར་མེ་གང་འཛོམས་རེ་སྦར་ནས་ཕྱག་མཆོད་གསུངས་ཤིང་ནམ་གུང་ཡོལ་བར་དཔེ་ལྟོས་དང་ལམ་རིམ་ཉམས་ལེན་གྱིས་འདའ་བ་མ་གཏོགས་སྔ་མོ་ནས་སྐྱིད་ཉལ་བྱེད་པ་མི་སྲིད་པའི་ཚོད་ཡིན་ཞེས་གསུངས་པ་སྟེ། འདིའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལས། ཐོས་བསམ་སྒོམ་པའི་ལུས་སྟོབས་ལྷུན་རྫོགས་ཤིང་།།མཁས་བཙུན་བཟང་བའི་གཡུ་རལ་ཁུར་གྱིས་བརྗིད།།འཆད་རྩོད་རྩོམ་པའི་གད་རྒྱངས་སྒྲོག་མཁས་པའི།།སྨྲ་མཁས་སེང་ཆེན་རྒྱུ་སྐར་གྲངས་སུ་འཕྱ།།ཞེས་པ་དོན་དང་ལྡན་པའི་ཚིག་འདི་དག་རེད།

       ལེའུ་བདུན་པ་སྟེ་མཇུག་བསྡུ་བའི་གཏམ་ཐུབ་བསྟན་ཡང་དར་སྐབས་སུ་ཆོས་སྡེ་འདི་ཉིད་ཉམས་གསོ་མཛད་ཚུལ་བརྗོད་ཡོད་ལ།  ས་མོ་ལུག་གི་ལོ་སྤྱི་ལོ་1980ལོར་ཡབ་རྗེ་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་གཙོས་དགེ་སློང་དགེ་འདུན་སྐལ་བཟང་སོགས་ཀྱིས་དགེ་ལྡན་ལྔ་མཆོད་ཆེན་མོ་གསར་དུ་བཙུགས་པའི་རྟེན་འབྲེལ་བསྒྲིགས།

    1981ལོར་དགེ་འདུན་ཞལ་གྲངས་ལྔ་བཅུ་ལྷག་འཛོམས་ཏེ་འགྲོ་མགོན་གསེར་ཁང་བ་ཆེན་པོའི་ཕྱག་བཞེས་ལྟར་འཆར་ཅན་གྱི་མཆོད་འབུལ་ཆེན་མོ་གསར་དུ་བཙུགས་ཤིང་ཐུབ་བསྟན་ཡང་དར་གྱི་ཆོས་སྒོ་དངོས་སུ་ཕྱེས།ཡོངས་འཛིན་རིན་པོ་ཆེ་ཕུན་ཚོགས་དར་རྒྱས་པས་ལྔ་བ་ཆེན་མོའི་ལམ་ཁྲིད་འཇམ་དཔལ་ཞལ་ལུང་བཅས་ཀྱི་ཞལ་ལུང་གིས་མཚོན་པའི་ཆོས་རྒྱུན་མང་བོ་དང་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་རྣམ་དག་མང་བོ་སྤེལ།

     1983ལོར་དད་ལྡན་བསྟན་པའི་སྦྱིན་བདག་ཆོས་ཚ་སྡེ་བ་དང་ལྡོང་ངེ་བ། ཕག་སྐོར་སྡེ་བ་སོགས་ཀྱིས་ཡོན་སྦྱར་ཏེ་ལྷ་ལྡན་ནས་བཀའ་འགྱུར། བསྟན་འགྱུར་གདན་དྲངས་ཤིང་རྟེན་བཞེང་གི་མགོ་བརྩམས།

      སྤྱི་ལོ1984ལོར་འདུ་ཁང་ཆེན་མོའི་འགྲུབ་སྟོན་མཛད་སྒོ་དང་བཅས་པ་ལེགས་པར་འགྲུབ།

     1986ལོར་དབྱར་གནས་གསར་དུ་བཙུགས་ཤིང་1987ལོར་པཎ་ཆེན་ཆོས་ཀྱི་རྒྱལ་བོ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གདན་ས་འདིར་ཕེབས་ཏེ་སྐྱབས་འགྲོ་དང་། ལམ་གཙོ་རྣམ་གསུམ་གྱི་ལུང་སོགས་གནང་།

     1990ལོར་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཛྙ་ན་ས་ར་གྲྭ་ཚང་སྤྱིའི་མཚན་ཉིད་དགེ་རྒན་དུ་གདན་ཞུས་བྱས་ཏེ་སྡེ་འདིར་བཀའ་པོད་ལྔའི་འཆད་ཉན་སྔར་ལས་རྒྱས་པ་བྱུང་།

     1992ལོའི་དགེ་ལྡན་ལྔ་མཆོད་ཆེན་མོར་ཐུབ་བསྟན་ཡང་དར་སྐབས་ཀྱི་ཕར་ཕྱིན་དམ་བཅའི་སྲོལ་བཟང་གསར་དུ་བཙུགས་ཤིང་1993ལོར་རྗེ་བཙུན་ཛྙ་ནའི་ཐུགས་བཀོད་བཞིན་རྡོ་གཅལ་དམ་བཅའ་དང་ཚོགས་གླེང་གི་ཕྱག་སྲོལ་སོགས། མདོར་ན་ཆོས་སྡེ་འདིའི་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཆེས་ཆེར་འཕེལ་བར་གྱུར་བ་བསྟན་ཏོ།།

3མྱོང་ཚོར།

     དཔེ་ཆ་འདི་ལྟ་བུ་བཀླགས་པ་ནི་གདན་ས་དེའི་དམ་པ་རྣམས་ཀྱི་གསུང་རྒྱུན་ཐོས་པ་དང་འདྲ་སྟེ། ང་ཚོའི་རང་ལ་བཀའ་དྲིན་ཆེ་བའི་དགེ་རྒན་གྱི་མཚན་ནས་དངོས་སུ་མི་འབོད་པ་ཞིག་སྔོན་ནས་ཤེས་མོད། གདན་རབས་འདི་ལས་ཆོས་སྡེ་ཆེན་པོ་འདི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྟབས་ཁོང་ལ་ཨ་ལགས་རྡོ་རྗེ་འཆང་ཞེས་པ་ལས་མཚན་རྗེན་པར་འཛིན་མཁན་ཙམ་ཡང་མེད་པར་བགྲེས་གཞོན་ཀུན་གྱིས་རྡོ་རྗེ་འཆང་སཾ་གྷའི་མཚན་ཅན་དང་མཉམ་པར་བཀུར་ཞིང་དད་པ་འདི་བྱུང་བ་ཡིན་སོགས་ཀྱི་ཚིག་དག་ལ་མཇལ་ཚེ་འདི་ནི་སྲོལ་བཟང་བོ་ཞིག་གོ་སྙམ་པའི་གོ་རྟོགས་ཤིག་སྟེར།

ཆོས་སྡེ་འདི་ཆགས་སའི་གནས་ཀྱི་ཆེ་བ་བརྗོད་པའི་སྐབས། གནས་མཆོག་འདི་ནི་དུས་བཞིའི་དྲོ་གྲང་སྙོམས་པ་དང་སའི་བཅུད་བཟང་བ། འབྲུ་རིགས་དང་སྨན་རིགས་སྣ་ཚོགས་སྨིན་པ་སོགས་ཀྱི་སའི་དགེ་མཚན་བརྗོད་པའི་དུས་སུ་ང་རང་དངོས་སུ་དེ་ལྟ་བུའི་གནས་ལ་ཕྱིན་པའི་སྣང་བ་ཞིག་འབྱུང་། ད་དུང་ཆུ་དྭངས་ཤིང་བསིལ་བ། རྟ་ནོར་སོགས་སྒོ་ཕྱུགས་དང་ཤྭ་རྐྱང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ་ཞེས་པ་འགྲོགས་ཏེ་ང་ཡང་བསྐྱར་སྤང་ལྗོངས་ཀྱི་ནོར་ལུག་དང་ཆུ་འགྲམ་ལ་འབྱོར་བ་དང་འདྲ། གདན་རབས་འདིའི་ཚིག་རེ་རེའི་སྡེབ་སྦྱོར་ལེགས་པ་དང་ལྷག་པར་བར་སྐབས་ཀྱི་ཚིགས་བཅད་དག་ནི་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པས་ཡང་ཡང་ཀློག་དགོས་པ་ལྟ་བུ་ཞིག་རེད།

མཇུག་གི་གཏམ།

    དེབ་འདི་ནི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ནས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པའི་དཔེ་ཆའི་གྲས་ཤིག་ཡིན་ཕྱིན་ངས་འདི་བཀླགས་པ་ཙམ་གྱིས། ཟིན་བྲིས་ཤིག་བྲིས་པ་ནི་དེབ་འདི་ལ་འོས་མེད་བྱས་པ་དང་འདྲ་ཡང་། ཐེངས་འདིར་དྷི་ཚ་དགོན་པའི་སློབ་གཉེར་གྱི་གནས་བབ་གཙོས་ཁོར་ཡུག་སོགས་ལ་རྒྱུས་ལོན་བྱེད་འདོད་ཀྱིས་གདན་རབས་འདིར་མཇལ་བ་ཡིན་པས། རང་གི་བློ་ཁ་དང་དགོས་མཁོ་ལ་དམིགས་ནས་ཟིན་བྲིས་མདོར་བསྡུས་ཤིག་བཀོད་པ་ཡིན།

2019/8/7ཉིན་རུ་མང་དགོན་བཤད་སྒྲུབ་བཀྲ་ཤིས་དར་རྒྱས་གླིང་ནས་མཇུག་གྲུབ།


[①]སྤྱི་ལོ་1946

[②]འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་ཡིན་པར་མཐོང་།

[③]བཀའ་གསུང་འདི་གདན་རབས་ཉིད་ཀྱི་ཤོག་ངོས་127-129བར་དུ་ཆ་ཚང་བཞུགས།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-08-10 ལྟ་ཀློག (11319)