ཤེས་རིག་སློབ་གླིང་གི་འགོ་ཁྲིད་སྐབས་བརྗེའི་གསར་འགྱུར་ཞིག

སློབ་གླིང་གསར་འགྱུར།

     ༢༠༡༩ལོའི་ཟླ་༧་པའི་ཚེས་༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་གཙོ་བློ་བཟང་ཉི་མ་དང་བློ་བཟང་བདེ་ལེགས་བཟོད་པ་བཟང་བོ་གསུམ་སྐབས་བརྗེ་བྱས་ཏེ་ཁོང་རྣམ་པ་སློབ་གླིང་གི་ཆེས་མཐོའི་འགོ་ཁྲིད་ཚན་ཁག་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུ་བཞུགས་ལྷན་ཚོགས་ཀྱི་གཞི་སྡོད་རྒྱུན་ལས་ལས་འཛིན་དུ་བསྐོས་ཤིང།  དགེ་རྒན་གཙུག་ཕུད་དང་དགེ་རྒན་དར་རྒྱས་དགེ་རྒན་དོན་གྲུབ་རྒྱལ་གསུམ་སློབ་གཙོ་གཞོན་པར་གསར་དུ་བསྐོ་བཞག་བྱས་ཡོད།

སྤྱི་གཉེར་སློབ་གཙོ་གཞོན་པ་ཟུར་བ་སྟེ་བློ་བཟང་ཉི་མ་ལ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་དར་ཁ་དང་གཟེངས་རྟགས་ཕུལ་བ།

སློབ་སྲིད་སློབ་གཙོ་གཞོན་པ་ཟུར་བ་སྟེ་བློ་བཟང་བདེ་ལེགས་ལ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་དར་ཁ་དང་གཟེངས་རྟགས་ཕུལ་བ།

སློབ་སྟོན་སློབ་གཙོ་གཞོན་པ་ཟུར་བ་སྟེ་དགེ་རྒན་བཟོད་པ་བཟང་བོ་ལ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་དར་ཁ་དང་གཟེངས་རྟགས་ཕུལ་བ།

ཐེངས་འདིའི་སློབ་གཙོ་གཞོན་པ་ཟུར་བ་དང་དབུ་བཞུགས་ལྷན་ཚོགས་སུ་བསྐོས་པའི་བློ་བཟང་ཉི་མ་དང་བློ་བཟང་བདེ་ལེགས་བཟོད་པ་བཟང་བོ་གསུམ་དང་དགེ་རྒན་རིན་པོ་ཆེ་དང་མཉམ་པར།

གསར་དུ་བསྐོས་པའི་སློབ་གཙོ་གཞོན་པ་གསུམ་སྟེ་དགེ་རྒན་གཙུག་ཕུད་དང་དགེ་རྒན་དར་རྒྱས་དགེ་རྒན་དོན་གྲུབ་རྒྱལ་བཅས་ཀྱི་མཉམ་པར།


ཀུན་གྱིས་ཚོར་མི་ཐུབ་པའི་མར་མེའི་སྡོང་བུ།


       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཐོག་མའི་ས་ཐིག་བརྒྱབས་པའི་ཉིན་ནས་བཟུང་བདག་གི་ཁ་ལོག་ཚིག་རྩུབ་དང་རང་མཐོའི་གཤིས་ངན་ལ་ཅི་ཡང་མི་སྙམ་པར་མི་ལོ་ཉེར་ལྔའི་རིང་སྐྱིད་ན་རྟ་བོ་མཉམ་ཞོན་དང་སྡུག་ན་ཁུར་བོ་མཉམ་འཁུར་བྱས་པའི་གཉེར་རྒན་བློ་བཟང་ཉི་མ་དང་བློ་བཟང་བདེ་ལེགས་རྣམ་གཉིས་ཀྱི་གཙོས་སྐབས་དང་བོའི་མཐར་ཕྱིན་སློབ་མ་བཟོད་པ་བཟང་བོ་གསུམ་གྱིས་ལོ་འཁོར་ལྔའི་རིང་གི་སློབ་གཙོ་གཞོན་པའི་འགན་ལེགས་པར་གྲུབ་ནས།  དེ་རིང་རྗེས་སྐྱོང་བ་རྣམས་ཀྱི་ལག་ཏུ་བཀྲ་ཤིས་བདེ་ལེགས་ངང་སྤྲད།

     དེ་རིང་ནས་བཟུང་ཁོང་སློབ་གཙོ་ཟུར་བ་རྣམ་པ་གསུམ་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེས་མཐོའི་འགོ་ཁྲིད་ཚན་ཁག་སྟེ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུ་བཞུགས་ལྷན་ཚོགས་ཀྱི་གཞི་སྡོད་རྒྱུན་ལས་ལས་འཛིན་དུ་བསྐོས་པ་ཡིན་པས།  མུ་མཐུད་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱིའི་ཁ་ཕྱོགས་དང་འཕེལ་རྒྱས་ཐད་ཀྱི་བྱ་བ་གལ་ཆེན་དག་ལ་ཟབ་ཞུགས་བྱེད་རྒྱུ་རེད།
    ཁོ་ཚོའི་འདས་པའི་ལོ་རྒྱུས་ཀྱི་ཁྲོད་དུ་བཙན་པོ་དཔོན་གྱི་གཉའ་ཤིང་གིས་གནོན་མྱོང་ལ།  ཐ་ཤལ་སྐྱེ་བོ་རྣམས་ཀྱིས་མཆིལ་ཞགས་ཀྱང་འཕེན་མྱོང་།  ཡིན་ན་ཡང་ཁོ་ཚོས་མི་རིགས་ཤིག་གི་སློབ་གསོའི་ཆེད་དུ།  ཁོ་ཚོས་ས་གནས་ཤིག་གི་འཕེལ་རྒྱས་ཀྱི་ཆེད་དུ།  ཁོ་ཚོས་དད་པ་ཞིག་གི་དམིགས་ཡུལ་འགྲུབ་ཆེད་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་གྱི་བཀྲག་མདངས་ལ་ཡལ་བ་མེད་ཅིང་སྙིང་སྟོབས་ཀྱི་རི་བོ་ལ་གཡོ་འགུལ་བྱུང་མ་མྱོང་།  ཁོ་ཚོ་ནི་དོན་དངོས་ཀྱི་དཔའ་བོ་ཡིན་ལ་ཀུན་གྱིས་ཚོར་མི་ཐུབ་པའི་མར་མེའི་སྡོང་བུ་ལྟ་བུ་ཞིག་ཡིན་པས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཁོ་ཚོའི་བཀའ་དྲིན་ཡིད་ལ་འཇགས་པར་འཚལ།

      སྤྱི་ལོ་2019་ལོའི་ཟླ་7་པའི་ཚེས་14་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུས་མི་འགྱུར་རབ་བརྟན་གླིང་གི་རང་ཤག་སེམས་འོད་གསལ་བའི་ཁང་ཁྱིམ་དུ་དགེ་མིང་འཛིན་པ་འཇིགས་མེད་རྒྱལ་མཚན་གྱིས་བྲིས།

སློབ་གྲྭའི་དབུ་ཁྲིད་སྡེ་ཁག་གི་མཉམ་པར།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-08-02 ལྟ་ཀློག (3818)