གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་བསྡུས་འཕྲིན།

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་བསྡུས་འཕྲིན།


ལྷ་རིས་པ་གསེར་བྲག་གིས་སློབ་ཁྲིད་བྱེད་བཞིན་པ།


རིན་ཆེན་དབང་རྒྱལ་གྱིས་སློབ་ཁྲིད་བྱེད་བཞིན་པ།



སྔགས་འཆང་ལྷ་རིས་པ་བཱ་ཡན་ཆོས་རྗེ་རིག་འཛིན་གྱིས་སློབ་ཁྲིད་བྱེད་བཞིན་པ།

      ངེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་ནས་བཟུང་འཆར་ཅན་ལྟར་ལྷ་རིས་ཆེད་སྦྱོང་འཛིན་གྲྭ་ལ་དྲ་ལམ་འཆད་ཁྲིད་ཀྱི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཏེ། ཉིན་འདི་འགའི་དགོང་ཚོགས་སྐབས་གདན་ཞུའི་དགེ་རྒན་རྣམས་ཀྱིས་རེས་ལྟར་སློབ་གྲྭའི་དཔེ་མཛོད་ཁང་གི་དྲྭ་ལམ་བརྙན་རིས་ཀྱི་ལམ་དུ་འཆད་ཁྲིད་བྱས་དང་བྱེད་ཀྱིན་ཡོད།

       སྤྱི་ཟླ༥བའི་ཚེས༢༡ཉིན་ནས་འཆད་ཁྲིད་དངོས་སུ་འགོ་ཚུགས་ཤིང་། ཉིན་དེའི་དགོང་ཚོགས་སྐབས་རི་མོའི་ཆེད་མཁས་པ་གྲགས་ཅན་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་དྲ་ལམ་འཆད་ཁྲིད་དུ་གདན་ཞུ་བྱས་ཤིང་།  ཁོང་གིས་དུས་ཚོད་ཕྱེད་ཙམ་གྱི་རིང་དུ་སློབ་མ་རྣམས་ལ་རང་ཉིད་ཆེས་ཐོག་མར་ལྷ་རིས་སྒྱུ་རྩལ་གྱི་ལམ་ཁར་ཇི་ལྟར་ཞུགས་ཚུལ་དང་། སློབ་སྦྱོང་གི་སྐབས་སུ་འཕྲད་པའི་དཀའ་ངལ་སོགས་གསུངས་ཏེ་སློབ་མ་རྣམས་ཀྱི་སློབ་སྦྱོང་ལ་སྐུལ་སློང་གནང་བར་མ་ཟད།   གཞན་ད་དུང་ལྷ་རིས་སྒྱུ་རྩལ་གྱི་རིན་ཐང་དང་ཁྱད་ཆོས་ལས་འཕྲོས་ཏེ་གསུང་བཤད་མང་དུ་གནང་།

      སྤྱི་ཟླ༥བའི་ཚེས༢༢ཉིན་རེབ་གོང་མི་རིགས་ཕོ་བྲང་གི་སློབ་གཙོ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ལྷ་རིས་སྒྱུ་རྩལ་བ་གྲགས་ཅན་གྲྭ་བཙུན་སྐལ་བཟང་རྒྱ་མཚོ་ལགས་ངེད་སློབ་གྲྭའི་སྐབས་གཉིས་པའི་དྲ་ལམ་སློབ་ཁྲིད་དུ་གདན་འདྲེན་ཞུས་ཤིང་།  ཁོང་གིས་ཐང་ག་ཆེད་སྦྱོང་འཛིན་གྲྭར་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གྱི་བཟོ་བ་རིག་པའི་བྱུང་འཕེལ་དང་རྣམ་གྲངས། ཐང་གའི་ཁྱབ་ཁོངས་དང་ཐང་གའི་རིག་གནས་ཀྱིས་སྤྱི་ཚོགས་ལ་ཕན་ནུས་ག་འདྲ་སྒྲུབ་ཀྱིན་པ་དང་། ཐང་ག་རིག་གནས་ཀྱིས་དམ་པའི་ཆོས་དང་འཇིག་རྟེན་གྱི་ལོངས་སྤྱོད་ལ་ཕན་ཐོགས་བླ་མེད་བསྐྲུན་ཐུབ་པའི་ཐད་ཀྱི་གསུང་བཤད་གལ་འགངས་ཅན་མང་དུ་གནང་།

      ཟླ་འདིའི་ཚེས༢༦ཉིན་སྔགས་འཆང་ལྷ་རིས་པ་བཱ་ཡན་ཆོས་རྗེ་རིག་འཛིན་ལགས་སྐབས་གསུམ་པའི་དྲྭ་ལམ་འཆད་ཁྲིད་ལེ་ཚན་དུ་གདན་དྲངས་ཤིང་། ཁོང་གིས་རང་ཉིད་ཀྱིས་ཐང་ག་སྒྱུ་རྩལ་ལ་སློབ་སྦྱོང་བྱས་པའི་བརྒྱུད་རིམ་དང་བསྡོངས་ནས་རང་གིས་དགེ་རྒན་དུ་མར་བསྟེན་ཏེ་ཐང་གའི་རིག་གནས་ལ་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་། སྤྱིར་ཐང་ག་འབྲི་བར་མཉམ་འཇོག་བྱེད་དགོས་སའི་གནས་གང་དག་ཡོད་པ།  བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་དཔེ་སོགས་དང་འབྲེལ་ཏེ་སློབ་མ་རྣམས་ལ་ཉེ་བར་མཁོ་ཞིང་ཕན་ཐོགས་བླ་མེད་འབྱུང་བའི་གསུང་བཤད་གང་མང་གནང་།

     ཟླ་འདིའི་ཚེས༢༨དང༢༩ཉིན་གྱི་དགོང་ཚོགས་སྐབས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་དེང་རབས་བོད་ཀྱི་ན་གཞོན་རི་མོ་བ་རིན་ཆེན་དབང་རྒྱལ་ལགས་སློབ་གྲྭའི་དྲྭ་ལམ་སློབ་འཆད་ཁྲིད་དུ་གདན་ཞུ་བྱས་ཤིང་། ཁོང་གིས་སྐར་མ་བཞི་བཅུ་ལྷག་གི་རིང་ལ་ལྷ་རིས་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུ་ལས། ཐོག་མར་མཚན་བཟང་བོ་སུམ་ཅུ་རྩ་གཉིས་ནས་འགོ་བརྩམས་ཏེ་བྱེ་བྲག་དག་རེ་རེ་བཞིན་བརྙན་རིས་ཀྱི་ལམ་ནས་པར་དང་སྦྲགས་ཏེ་ཁ་གསལ་ཁུངས་དག་གིས་མུ་འབྲེལ་འཆད་ཁྲིད་གནང་མུས་ཡོད།

གསར་འགོད་པ། གཟི་མིག་ཁྲ་ཁྲ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-05-30 ལྟ་ཀློག (3565)