ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས།

༄༅། །ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས་

བཞུགས་སོ། །

བླ་མ་ཆེན་པོ་བྱང་ཆུབ་འོད།

    ན་མོ་གུ་རུ། ལར་ཁམས་འདུས་ཀྱི་དྲོད་རྟགས་ཕྲ་མོ་ཡིས། ། སྒོམ་ཆེན་ང་རྒྱལ་སྐྱེ་ལས་ཆེ། ། ཉམས་མྱོང་གི་རོ་ལ་ཞེན་པ་ཡིས། ། སྒོམ་ཆེན་འཁོར་བའི་འཆིང་ལས་ཆེ། ། སྒོམ་བཟངས་ཀྱི་གྲགས་སྙན་འདོད་པ་ཡིས། ། སྒོམ་འདོད་བདུད་ཀྱིས་འཁྱེར་ལས་ཆེ། ། ཉོན་མོངས་ཀྱི་སྤྲིན་དང་མ་བྲལ་ན། ། འོད་གསལ་གྱི་ནམ་མཁའ་དག་པ་བརྫུན། ། བདག་གཅེས་ཀྱི་མུན་པ་མ་སངས་ན། ། བདག་མེད་ཀྱི་ཉི་ཤར་བརྫུན་དུ་འགྲོ། ། རབ་བདེ་འདོད་པའི་སྒོམ་ཆེན་དེ། ། རང་སེམས་བདུད་དུ་ཤོར་ལས་ཆེ། ། སྲོག་ཆུ་བུར་ལྟ་བུར་མ་ཤེས་ཤིང་། ། གྲགས་སྙན་གྱི་འདོད་པ་མ་སྤོངས་ན། ། ཐོས་བསམ་སྒོམ་གསུམ་གྱི་བརྩོན་འགྲུས་ཀྱང་། ། ལམ་གྱི་གཟུགས་བརྙན་དུ་འགྲོ་ལས་ཆེ། ། རང་སེམས་སྐྱེ་མེད་ཀྱི་དོན་རྟོགས་ཤིང་། ། ཏིང་འཛིན་རི་ལྟར་བརྟན་གྱུར་ཀྱང་། ། ཐབས་བྱང་ཆུབ་སེམས་ཀྱིས་མ་ཟིན་ན། ། ཐེག་ཆེན་རྒྱབ་ཏུ་སྐྱུར་ལས་ཆེ། ། རྨི་ལམ་སྒྱུ་མར་མ་ཤེས་ཤིང་། ། བདག་གཅེས་ཀྱི་འཁྲི་བ་མ་ཆོད་ན། ། ལུས་ངག་དགེ་སྦྱོར་ལ་འབད་གྱུར་ཀྱང་། ། འཁོར་བའི་གཉིད་སིངས་སུ་འགྲོ་ལས་ཆེ། ། ཐེག་ཆེན་གྱི་བདུད་ལ་རྣམ་གཉིས་ཏེ། ། ཐམས་དང་བྲལ་བའི་ཤེས་རབ་དང་། ། ཤེས་རབ་བྲལ་བའི་ཐབས་ཡིན་ཞེས། ། ཉི་མའི་གཉེན་གྱིས་དེ་སྐད་གསུངས། ། ལར་སྣང་མེད་ཀྱི་སྟོང་རྐྱང་ཆད་པའི་མཐའ། ། དེ་གནས་ལུགས་སུ་ལྟ་བ་འཁྲུལ་བའི་ཡིད། ། བདེན་པར་འཛིན་པ་དེ་སྐུར་འདེབས་ཀྱི་བློ། ། དེ་གོམས་པར་བྱེད་པ་ངན་འགྲོའི་ལམ། ། སྟོང་མེད་ཀྱི་སྣང་རྐྱང་རྟག་པའི་མཐའ། ། དེ་གནས་ལུགས་སུ་ལྟ་བ་གཏི་མུག་གི་ཡིད། ། བདེན་པར་འཛིན་པ་དེ་སྒྲོ་འདོགས་ཀྱི་བློ། ། དེ་གོམས་པར་བྱེད་པ་འཁོར་བའི་གཞི། སྣང་སྟོང་དབྱེར་མེད་དེ་ཤེས་བྱའི་གཤིས། ། དེ་གནས་ལུགས་སུ་ཤེས་ན་མཐའ་བྲལ་གྱི་བློ། ། དེ་གོམས་པར་བྱེད་པ་ཟུང་འཇུག་གི་ལམ། ། དེ་དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡིན། ། ལར་རྩེ་གཅིག་སྡོད་པའི་ཞི་གནས་དེ། ། གཏི་མུག་གི་ཁ་སྣོད་མི་བགྱིད་འཚལ། ། འཛིན་མེད་རང་གསལ་གྱི་སྒོམ་པ་དེ། ། བློ་ཁ་འཚོམས་ཀྱི་དགྲ་ལ་མི་བསྐུར་འཚལ། ། མ་བཅོས་གཉུག་མའི་ཡེ་ཤེས་དེ། ། ཁམས་འདུས་ཀྱི་ཉམས་ལ་མི་བགྱིད་འཚལ། ། ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས་འགྲོ་བའི་སྙིང་ལ་གནས་པར་ཤོག བདག་གཅེས་འཛིན་དགྲ་ཡིན། ། གཞན་གཅེས་འཛིན་གཉེན་ཡིན། ། སྣང་བ་བརྫུན་ཡིན། ། སེམས་ཉིད་ནམ་མཁའ་ཡིན། ། ཞེས་དང་། བདག་འཛིན་སྡུག་བསྔལ་གྱི་རྩ་བ་ཡིན་པས་རྩད་ནས་བཅད་ན་ལེགས། དམ་ཆོས་བྱང་ཆུབ་ཀྱི་ལམ་ཡིན་པས་ཉམས་སུ་བླངས་ན་ལེགས། སྣང་བ་བརྫུན་གྱི་རང་བཞིན་ལ་བདེན་པར་མ་བཟུང་ན་ལེགས། ཕན་སེམས་སངས་རྒྱས་ཀྱི་དགོངས་པ་ཡིན་པས་དང་དུ་གཉེར་ན་ལེགས། ཞེས་པ་བླ་མ་ཆེན་པོ་བྱང་ཆུབ་འོད་ཀྱི་གསུང་དྲི་མ་མེད་པའོ། །

གསར་འགོད་པ། འཇིགས་མེད་གྲགས་པ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2019-05-08 ལྟ་ཀློག (5524)